བོད་མི་གཞོན་སྐྱེས་ཚོས་སྤྱི་ཚོགས་དང་ཆབ་སྲིད་ལས་དོན་ཐོག་འགན་ཁུར་ཆེ་ཙམ་བཞེས་དགོས།


2020-11-20
Share
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་ཞུས་པའི་གླེང་མོལ་སྐབས། ༡༡།༡༩།༢༠ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་ཞུས་པའི་གླེང་མོལ་སྐབས། ༡༡།༡༩།༢༠
ICT

བོད་མི་གཞོན་སྐྱེས་ཚོས་སྤྱི་ཚོགས་དང་ཆབ་སྲིད་ལས་དོན་ཐོག་འགན་ཁུར་ཆེ་ཙམ་བཞེས་དགོས་བ་ཨ་མི་རི་ཀའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཀྱིས་བོད་པའི་གཞོན་སྐྱེས་ཁག་ཅིག་ལ་གསུང་འདུག
ཨ་མི་རི་ཀའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་རོ་སྦརཌ་ཌེསི་ཏྲོ་(Robert A. Destro)ལགས། ཕྱི་ཟླ་༡༡པའི་ཚེས་༡༩ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་ཞུས་པའི་བོད་པའི་གཞོན་སྐྱེས་མི་སྣ་ཁག་ཅིག་དང་གླེང་མོལ་གྱི་ལས་རིམ་ཐོག་མཉམ་ཞུགས་གནང་ནས། རྒྱ་ནག་གཞུང་གིས་བོད་པ་དང་། ཡུ་གུར་མི་རིགས་བཅས་ཀྱི་ཐོག་གཞི་རྩའི་འགྲོ་བ་མའི་ཐོབ་ཐང་མི་སྤྲོད་པར་དམ་དྲག་བྱེད་ཀྱི་ཡོད་པས། རྒྱ་ནག་གཞུང་གིས་མི་རིགས་རྩ་བརླག་གི་སྲིད་བྱུས་བཟུང་སྟེ། ཆོས་དང་སྐད་ཡིག་རིག་གཞུང་རྩ་བརླག་གཏོང་བ་དང་རྒྱ་ནག་གི་ངོ་བོ་ཅན་དུ་བསྒྱུར་ཐབས་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་གནང་བ་དང་བ་དང་སྦྲགས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་ལམ་རང་དབང་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་དང་། བོད་མི་ནང་པ་དང་དེ་བཞིན་ཆོས་བརྒྱུད་ཁག་གཞན་ནས་རང་རང་གི་དད་མོས་དང་ཡིད་ཆེས་བྱེད་སའི་ཆོས་ལུགས་ཁག་ལ་རང་དབང་སྒོ་ནས་ཉམས་ལེན་བྱེད་དུ་འཇུག་དགོས་པའི་དགོས་འདུན་བཏོན་གྱི་ཡོད་པ་གསུངས་ཡོད་པ་རེད།
བོད་དོན་དམིགས་བསལ་སྐུ་ཚབ་མཆོག་གིས་ད་དུང་། རྒྱ་ནག་དམར་ཤོག་ཚོགས་པར་ཆོས་དད་ཐོག་ཐེ་བྱུས་བྱེད་རྒྱུའི་བདག་དབང་སུས་ཀྱང་སྤྲད་མེད་ཅིང་། རྒྱ་ནག་གི་མངའ་ཁོངས་སུ་འཛིན་སྐྱོང་བཞིན་བྱེད་པའི་བོད་མིའི་ས་ཁུལ་ཁག་གི་ནང་དུ། རྒྱ་ནག་གཞུང་གིས་བོད་མིའི་མི་ཚེའི་འཚོ་གནས་བྱ་ཕྱོགས་དང་ནང་ཆོས་ཉམས་ལེན་བྱེད་ཕྱོགས་ཀྱི་ཐད་ལ་ཉེན་ཁ་བཟོ་བཞིན་ཡོད། དེ་བས་ཨ་མི་རི་ཀའི་གཞུང་ནམ་ཡང་ཁུ་སིམ་པོར་སྡོད་ཀྱི་མེད་ལ་སྡོད་ཐབས་མེད་པ་ཞིག་རེད་ཅེས་གསུངས་ཡོད་པ་དང་། ཡུ་གུར་དང་ཀ་ཛཀ་མི་རིགས་གཙོས་ཁ་ཆེ་རྗེས་དྲངས་པ་དང་། ཡེ་ཤུ་དང་རྩ་རླུང་སྒོམ་བསྒྲུབ་ཉམས་ལེན་པ་སོགས་ཆོས་དད་པའི་ཐོག་དྲག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་སྐྱོན་བརྗོད་བྱས་ཡོད་པ་རེད།
ད་དུང་ཁོང་གིས། ང་ཚོ་བོད་དང་བོད་མི་ཚོ་དང་མཉམ་དུ་ལངས་ཏེ། ཨ་མི་རི་ཀའི་བོད་དོན་སྲིད་བྱུས་ཀྱི་ཁྲིམས་ཡིག་དང་། བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་ཡིག་༢༠༡༨ཀྱི་འབྲུ་དོན་ཁག དེ་བཞིན་བོད་མིའི་སྤྱི་ཚོགས་ཁྲོད་རོགས་སྐྱོར་ལས་གཞི་ཁག་བརྒྱུད་བོད་ཀྱི་ཆོས་དང་རིག་གཞུང་རྩ་གཏོར་ཉམས་ཉེས་སུ་གཏོང་བཞིན་པར་འཐབ་རྒོལ་གྱི་ལས་དོན་སྤེལ་བཞིན་ཡོད་པ་གསུངས་ཡོད་པ་རེད།
ཨ་རིའི་བོད་དོན་དམིགས་བསལ་སྐུ་ཚབ་མཆོག་གིས་བོད་པའི་གཞོན་སྐྱེས་མི་རབས་ཚོར་གཏམ་བཤད་གནང་སྐབས། བོད་མི་གཞོན་སྐྱེས་ཚོས་སྤྱི་ཚོགས་དང་ཆབ་སྲིད་ལས་དོན་ཐོག་ལ་དོ་ཁུར་ཆེ་ཙམ་བླངས་ནས། འགན་ཁུར་གཙོ་བོ་བོད་མི་ཚོས་བཞེས་དགོས། ཨ་རི་གཙོས་པའི་གཞུང་དང་མང་ཚོགས་ཁག་ལ་ཞུ་སྐུལ་དང་རྒྱབ་སྐྱོར་འཚོལ་ཐབས་བརྒྱུད་བོད་དོན་ཐད་ཚང་མས་མཉམ་རུབ་གནང་དགོས་གལ་ཆེ་བ་གསུང་བ་དང་། མཐའ་དོན། བོད་དོན་དཀའ་རྙོག་སེལ་བའི་ཐབས་ལམ་ཡག་ཤོས་ནི། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་གནང་བའི་དབུ་མའི་ལམ་གྱི་ཐབས་ལམ་དེ་ཡིན་པ་གསུང་ཡོད།
བོད་མི་གཞོན་སྐྱེས་གཅིག་གིས་ད་ཐེངས་ཨ་རིའི་སྲིད་འཛིན་མཆོག་གིས་ཡུན་རིང་བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་གཞག་མ་བྱས་བའི་རྒྱུ་མཚན་ཐད་བཀའ་འདྲི་ཞུས་སྐབས། དམིགས་བསལ་སྐུ་ཚབ་ཀྱིས། ཁོང་ཕྱི་སྲིད་དྲུང་ཆེ་(Mike pompeo)ལགས་ཀྱིས་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཆེད་བསྐོ་གཞག་གནང་བ་ཡིན་པས། སྐུ་ཚབ་ཡོད་མིན་ལ་མ་བལྟོས་པར་བོད་དོན་ཐོག་ལ་ལས་དོན་མུ་མཐུད་གནང་བཞིན་ཡོད་ཅིང་། ཁོང་གི་ངོས་ནས་བོད་མི་རྣམས་ལ་མིང་དོན་མཚུངས་པའི་དོན་དམ་གྱི་རང་སྐྱོང་ཡོང་ཐབས་སུ་ཕྱག་ལས་རྒྱུན་མཐུད་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
སྐུ་ཞབས་(Robert A. Destro)ལགས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་གྱི་གནད་དོན་ཐད་ཀྱི་ཕྱི་སྲིད་དྲུང་ཆེའི་ཕྱག་རོགས་ཡིན་པ་དང་། ཨ རིའི་བོད་དོན་སྲིད་བྱུས་ཀྱི་ཁྲིམས་ཡིག་འབྲུ་དོན་བཞིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཉེ་ལམ་ཕྱི་ཟླ་༡༠ཚེས་༡༤ཉིན་ཨ་མི་རི་ཀའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཏུ་བསྐོ་བཞག་གནང་བ་ཡིན་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎