ཐེ་ཝན་གྱིས་ཧོང་ཀོང་ནས་ཉེན་ཡོལ་ཆེད་ཡོང་མཁན་ཚོར་རོགས་རམ་བྱེད་རྒྱུ་ཡིན་འདུག
2019.07.19
ཐེ་ཝན་ལ་ཉེན་ཡོལ་ཆེད་ཡོང་བའི་ཧོང་ཀོང་བ་ཚོར་ཐེ་ཝན་གཞུང་གིས་རོགས་རམ་བྱེད་རྒྱུའི་ཁས་བླངས་འདུག
དེ་ཡང་ཨེ་ཨེ་ཧྥུ་ཕེ་(AFP)གསར་ལས་ཁང་གིས་ཐེ་ཝན་ཀུ་ཤུ་ཉིན་རེའི་ཚགས་པར་ཀྱིས་འབྲེལ་ཡོད་མི་སྣས་མཁོ་སྤྲོད་བྱས་པའི་གནས་ཚུལ་ལུངས་དྲངས་པའི་ནང་། ཧོང་ཀོང་བ་མི་གྲངས་༣༠ ་ལྷག་གིས་ཟླ ༧ པའི་ཚེས ༡ ཉིན། ཧོང་ཀོང་གྲོས་ཚོགས་བཙན་བཟུང་བྱས་པར་ཉེས་པ་ཕོག་སྲིད་པར་དོགས་ནས་ད་ལྟ་ཐ་ཝན་ལ་ཕྱིན་ནས་སྐྱབས་བཅོལ་ཞུ་བཞིན་ཡོད་པ་རེད།
ཐེ་ཝན་རྒྱ་ནག་སྐམ་སའི་ལས་དོན་ལྷན་ཁང་གིས་ཧོང་ཀོང་བས་སྐྱབས་བཅོལ་ཞུས་ཡོད་མེད་ཁག་ཐེག་བྱས་མེད། ཡིན་ན་ཡང་རེས་གཟའ་པ་སངས་ཉིན་གསལ་བསྒྲགས་ཤིག་སྤེལ་ནས། འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དང་མི་ཆོས་རིང་ལུགས་ཀྱི་རྩ་དོན་ལྟར་དེ་ལྟ་བུའི་གྱོད་དོན་ལ་ངོས་ལེན་བྱ་རྒྱུ་ཡིན། བདེ་འཇགས་དང་རང་དབང་གི་ཆེད་དུ་ཆབ་སྲིད་ཀྱི་ཉེས་པ་ཕོག་ནས་ཉེན་ཁའི་ཁྲོད་ཡོད་པའི་ཧོང་ཀོང་མི་སེར་ལ་དགོས་ངེས་ཀྱི་རོགས་རམ་གནང་འཆར་ཡོད་པ་བརྗོད་འདུག
གནད་དོན་དེའི་ཐད་ཕྱིའི་རྒྱལ་ཁབ་དུ་འཚམས་གཟིགས་གནང་བཞིན་པའི་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིན་ཝིན་(Tsai Ing-wen)་ལགས་ཀྱིས། ཧོང་ཀོང་ནས་ཡོང་བའི་གྲོགས་པོ་དེ་ཚོར་མི་ཆོས་རིང་ལུགས་ཀྱི་རྩ་དོན་ལྟར་འོས་ཤིང་འཚམས་པའི་ལྟ་སྐྱོང་བྱེད་ངེས་ཡིན་ཞེས་གསུངས་འདུག
ད་ལོའི་ཟླ་ ༦ ་པ་ནས་ཧོང་ཀོང་བ་ས་ཡ་བརྒལ་བས་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་སྲོལ་ལ་ངོ་རྒོལ་རབ་དང་རིམ་པ་བྱས་མཐར། ཟླ་ ༧ ་པའི་ཚེས་ ༡ ་ཉིན་ངོ་རྒོལ་བས་ཧོང་ཀོང་གྲོས་ཚོགས་བཙན་བཟུང་བྱས་ཤིང་། གྲོས་ཚོགས་ནང་གི་སྒྲིག་ཆས་ལ་གཏོར་བརླག་བྱས་ཡོད་སྟབས། ཧོང་ཀོང་གཞུང་གིས་ཉེས་པ་མཐར་འདེད་བྱེད་རྒྱུ་ཡིན་ཚུལ་བསྒྲགས་ཡོད་པ་རེད།
ཡིན་ན་ཡང་ཐེ་ཝན་ལ་སྐྱབས་བཅོལ་བའི་ཁྲིམས་སྲོལ་མེད་མོད། ཐེ་ཝན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཆིངས་གཉིས་ལ་རྟགས་བཙུགས་ཡོད་པའི་ནང་ཕྱིར་རྩིས་སྤྲོད་མི་བྱེད་པའི་རྩ་དོན་ཐེ་ཡོད་པ་རེད།