ཁྲིམས་རྩོད་པ་བཀྲིས་དབང་ཕྱུག་ལགས་སུ་ཐུག་འཕྲད་བྱེད་རྒྱུ་བཀག་འདུག


2019-08-02
Share
བོད་ཀྱི་སྐད་ཡིག་ཐོབ་ཐང་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་གློད་གྲོལ་ཆེད་ལས་འགུལ་སྐབས། ༢༠༡༧ བོད་ཀྱི་སྐད་ཡིག་ཐོབ་ཐང་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་གློད་གྲོལ་ཆེད་ལས་འགུལ་སྐབས། ༢༠༡༧
AP

བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་བཙོན་ཁང་དུ་ཁོང་ལ་ཐུག་འཕྲད་ལ་སོང་ཡང་རྒྱ་ནག་གཞུང་གིས་ཐུག་བཅུག་མེད་པ་རེད་འདུག
དེ་ཡང་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་བྱས་བར་བརྟེན་འཛིན་བཟུང་བཙོན་འཇུག་བྱས་ཡོད་པའི་བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་(Liang Xiaojun)་ དང་(Lin Qilei)་གཉིས་སྤྱི་ཟླ་ ༨ ་ཚེས་ ༡ ་ཉིན་མཚོ་སྔོན་ཞིང་ཆེན། ཟི་ལིང་ས་ཁུལ་དུ་ཡོད་པའི་་(Dongchuan)་བཙོན་ཁང་དུ་བཀྲིས་དབང་ཕྱུག་ལགས་ལ་ཐུག་འཕྲད་ཆེད་སོང་ཡང་། བཀྲིས་དབང་ཕྱུག་ལགས་ཀྱིས་ཁྲིམས་ཆད་དང་ལེན་བྱེད་ཀྱི་མེད་པའི་ཁར་བཙོན་སྲུང་དོ་དམ་ལ་གཞོགས་འདེགས་བྱེད་ཀྱི་མེད་སྐོར་བརྗོད་ནས་ཐུག་བཅུག་མེད་པ་རེད།
དེའི་ཐད་སྤྱི་ཚེས་ ༢ ་ཉིན་ཁྲིམས་རྩོད་པ་(Liang Xiaojun)་ཡིས་འདི་ག་རླུང་འཕྲིན་ཁང་ལ་གསུང་ན། ཁོང་གིས་ང་དང་ཁྲིམས་རྩོད་པ་(Lin Qilei)གཉིས་རེས་གཟའ་ཕུར་བུའི་སྔ་དྲོར་བཀྲིས་དབང་ཕྱུག་ལགས་བཙོན་འཇུག་བྱས་ཡོད་སའི་མཚོ་སྔོན་ཞིང་ཆེན་ (Dongchuan)་བཙོན་ཁང་དུ་སོང་ནས། དོ་དམ་མི་སྣར་ཁོང་གཉིས་བཀྲ་ཤིས་དབང་ཕྱུག་ལ་ཐུག་འཕྲད་ཡོང་བའི་འབྲེལ་ཡོད་ཡིག་ཆ་ཁག་སྤྲད་པ་ཡིན། ཆུ་ཚོད་ཕྱེད་ཀ་ལྷག་འགོར་རྗེས་པེ་ཅིན་ཁྲིམས་འཛིན་ལྷན་ཁང་ནས་རྒྱབ་གཉེར་ཡི་གེ་དགོས་པའི་ལན་སྤྲད་སོང་བས། ང་ཚོས་པེ་ཅིང་ཁྲིམས་འཛིན་ལྷན་ཁང་ལ་དེའི་སྐོར་ལ་རྒྱབ་གཉེར་ཡི་གེ་འབྲི་བའི་ཐོབ་དབང་སོགས་གང་ཡང་མེད་སྐོར་གསལ་འདེབས་བྱས་པ་དང་འབྲེལ་ཁྱེད་ཚོའི་ལས་སྟངས་འདི་རིགས་ནི་ཁྲིམས་འགལ་རེད་ཅེས་བརྗོད་སྐབས། བཙོན་སྲུང་དོ་དམ་པས་རྒྱབ་གཉེར་ཡི་གེ་རག་ཀྱང་ཐུག་བཅུག་གི་མིན་ཟེར་གྱི་འདུག་ཅེས་དང་།
དེ་ནས་ཁྲིམས་རྩོད་ཁོང་གཉིས་ཐད་ཀར་མཚོ་སྔོན་ཞིང་ཆེན་བཙོན་ཁང་དོ་དམ་ཁང་ལ་སོང་སྐབས། ཁོང་གཉིས་ལ་སྣེ་ལེན་བྱེད་མཁན་འགོ་ཁྲིད་གཞོན་པ་དེས་(Dongchuan)་ བཙོན་ཁང་ནས་གནས་ཚུལ་ཚང་མ་ཡར་ཞུ་བྱས་སོང་། ང་ཚོས་ཀྱང་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅེས་བརྗོད་ནས། རྣམ་འགྱུར་ཅུང་ལེགས་པོའི་ཐོག་ནས་ཚོར་བ་སྐྱེན་པའི་གྱོད་དོན་རིགས་ལ་དམིགས་བསལ་སྟངས་འཛིན་བྱེད་ཀྱི་ཡོད་པ་དང་། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བཙོན་ཁང་དུ་ཁྲིམས་ཆད་དང་ལེན་མི་བྱེད་པ་དང་། བཙོན་སྲུང་དོ་དམ་ལ་གཞོགས་འདེགས་བྱེད་ཀྱི་མེད་པས། ཁོང་ལ་དམིགས་བསལ་གྱི་སྟངས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་དེ་ཐུག་ཏུ་བཅུག་མེད་པ་འགྲེལ་བརྗོད་གནང་གི་འདུག
སྤྱི་ལོ་ ༢༠༡༥ ་ལོར་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་པེ་ཅིན་དུ་བཅའ་སྡོད་ཨ་རིའི་ནེའུ་ཡོག་དུས་བབ་ཡན་ལག་གི་གསར་འགོད་པར་རྒྱ་ནག་གཞུང་གི་སྲིད་བྱུས་འོག བོད་ཀྱི་སྐད་ཡིག་གི་གནས་སྟངས་ཉེན་ཚབས་ཅན་དུ་གྱུར་བཞིན་ཡོད་སྐོར་འགྲེལ་བརྗོད་བྱས་པར་བརྟེན། ༢༠༡༦ ལོའི་སྤྱི་ཟླ་དང་པོར་ཁོང་འཛིན་བཟུང་གིས་ལོ་གཉིས་ལྷག་རིང་བཀག་ཉར་འོག་བཞག་ཡོད་པ་དང་། ༢༠༡༨་ལོའི་སྤྱི་ཟླ་ ༥ ་ཚེས་ ༢༢ ་ཉིན་ཡུལ་ཤུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་གཡོགས་ཏེ་ལོ་ ༥ ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། འོན་ཀྱང་བཀྲིས་དབང་ཕྱུག་ལགས་ཀྱིས་དེར་ངོས་ལེན་གནང་གི་མེད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།