ས་ཡོམ་གྱི་གནོད་འཚེ་ཕོག་པ་རྣམས་ལ་ཐུགས་སྨོན།
2012.06.24
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་ཨི་ཊ་ལིའི་ས་གནས་ཨེ་མི་ལི་ཡ་རོ་མག་ན་དུ་ས་ཡོམ་གྱི་གནོད་འཚེ་བྱུང་ཡུལ་དུ་ཆིབས་བསྒྱུར་གནང་སྟེ། སྐབས་དེའི་གནོད་འཚེའི་ནང་མི་ཤི་རྨས་བྱུང་བ་རྣམས་གཙོ་བོར་གྱུར་བའི་གོད་ཆགས་འཕོག་པ་ཚོའི་ནང་མི་དང། དེ་བཞིན་མི་དམངས་སྟོང་ཕྲག་མང་པོ་སྡོད་ཁྱིམ་མེད་པར་གྱུར་བ་ཚོའི་ཆེད་དུ་ཐུགས་སྨོན་གནང་གི་ཡོད་པ་རེད།
དེ་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བའི་ནང༌། ཉེ་ཆར་ཕྱི་ཟླ་ལྔ་པའི་ཚེས་༢༠ཨི་ཊ་ལི་ས་གནས་ཨེ་མི་ལི་ཡ་རོ་མག་ན་ནང་དུ་ཐེངས་དང་པོ་ས་ཡོམ་གྱི་གནོད་འཚེ་བྱུང་བའི་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཨི་ཊ་ལི་སྲིད་བློན་མཆོག་ལ་ཐུགས་གསོའི་འཚམས་འདྲི་གནང་བ་མ་ཟད། ཨི་ཊ་ལི་རྒྱ་འགྲམ་དམར་པོའི་རོགས་ཚོགས་ལ་ས་ཡོམ་གྱི་གནོད་འཚེའི་ངལ་སེལ་ཆེད་དུ་ཨ་རིའི་ཊོ་ལར་ཁྲི་ལྔ་ཞལ་འདེབས་གནང་ཡོད་པ་དང༌། དེ་རིང་སྔ་དྲོ་༸གོང་ས་མཆོག་ཨི་ཊ་ལི་ལྷོ་ཕྱོགས་སྦ་སི་ལི་ཁ་ཊ་ས་གནས་ཀྱི་མཱ་ཊེ་ར་གྲོང་ཁྱེར་དུ་ཆིབས་བསྒྱུར་གནང་བའི་ཕེབས་ལམ་དུ་ས་ཡོམ་གྱི་གནོད་འཚེ་བྱུང་ཡུལ་དེར་ཁྱུག་ཙམ་བཞུགས་ཞག་གནང་སྟེ་ཐུགས་སྨོན་གནང་གི་ཡོད་པ་རེད། དེ་རྗེས་ཉིན་དེའི་ཕྱི་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་མཱ་ཊེ་ར་དུ་ཞབས་སོར་འཁོད་པའི་སྐབས། ས་གནས་དེའི་འགོ་ཁྲིད་དང༌། ཞིང་ཆེན་གྱི་འགོ་ཁྲིད། གྲོང་ཁྱེར་མཱ་ཊེ་ར་ཡི་སྤྱི་ཁྱབ་པ་བཅས་ནས་ཕེབས་བསུ་ཞུ་རྒྱུ་ཡིན་ཞིང༌། ཕྱི་ཚེས་༢༦ གི་སྔ་དྲོ་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལི་བྱང་ཕྱོགས་ཀྱི་གྲོང་ཁྱེར་མི་ལའན་དུ་ཞབས་སོར་འཁོད་པའི་སྐབས། གྲོང་ཁྱེར་མི་ལའན་གྱི་སྤྱི་ཁྱབ་པས་གྲོང་ཁྱེར་གྱི་ཚོགས་ཁང་ཆེན་མོའི་ནང་ཕེབས་བསུའི་སྣེ་ལེན་ཞུ་རྒྱུ་མ་ཟད། དབུ་ཁྲིད་རྣམ་གཉིས་མཇལ་འཛོམས་གྲོས་མོལ་གྲུབ་རྗེས། གྲོང་སྡེ་ལྷན་ཁང་གི་དབུ་ཁྲིད་ནས་དགའ་བསུའི་ཕེབས་བསུ་ཞུ་རྒྱུ་དང༌། ༸གོང་ས་མཆོག་ནས་གྲོང་སྡེ་ལྷན་ཁང་དུ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྲོང་ཁྱེར་མི་ལའན་དུ་ཡོད་པའི་དགེ་འཕེལ་གླིང་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་། ཉིན་མ་གཉིས་རིང་ལ་རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་བཀའ་ཆོས་སྕལ་རྒྱུ་དང༌། ཆོས་ལུགས་དང་མ་འདྲེས་པའི་བདེ་སྐྱིད་སྐྲུན་ཐབས་སྐོར་ལ་མི་དམངས་ལ་བཀའ་སློབ་སྕལ་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།།