༸གོང་ས་མཆོག་ནས་ཆོས་འབྲེལ་དབུ་ཚུགས་གནང་ཡོད་སྐོར།

༸གོང་ས་མཆོག་ནས་རྡ་སར་དད་ལྡན་ཆོས་ཞུ་བ་ཚོར་འགྲོ་བ་མིའི་རིན་ཐང་དང་གཞན་ཕན་གྱི་སྐོར་ལ་གསུང་ཆོས་བཀའ་དྲིན་སྩལ་གནང་ཡོད་པ་རེད།

2008.09.26

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བར་ལམ་སྐུ་ཁམས་བདེ་མིན་གྱིས་སྐུ་ངལ་གསོས་རྒྱུར་ཟླ་བ་གཅིག་ཙམ་རིང་མཛད་འཆར་ཁག་ཕྱིར་བསྡུ་གནང་བའི་རྗེས་ཟླ་བ་འདིའི་ཕྱི་ཚེས་ཉི་ཤུ་ལྔ་ནས་མཛད་འཆར་ཁག་དབུ་འཛུགས་ཀྱིས་དེ་ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དད་ལྡན་ཆོས་ཞུ་བ་ཚོར་འགྲོ་བ་མིའི་རིན་ཐང་དང་གཞན་ཕན་གྱི་སྐོར་ལ་གསུང་ཆོས་བཀའ་དྲིན་སྩལ་གནང་ཡོད་པ་རེད།

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སིང་ག་པུའི་དད་ལྡན་མི་དམངས་ཚོས་གསོལ་འདེབས་ཞུས་པ་བཞིན་གཟའ་ཕུར་བུ་ནས་དབུ་བཙུགས་ཀྱིས་ཉིན་གསུམ་རིང་ལ་རྗེ་ཙོང་ཁ་པས་མཛད་གནང་བའི་བྱང་ཆུབ་ལམ་རིམ་བསྡུས་དོན་གསུང་ཆོས་བཀའ་དྲིན་སྩལ་གནང་རྒྱུ་ཡིན་ཞིང༌། ཉིན་དང་པོའི་གསུང་ཆོས་ཞུ་བར་ཉི་ཧོང་དང་ཀོ་རི་ཡ། ཧོང་ཀོང། ཐའེ་ལྦན། མ་ལེ་ཤི་ཡ། ཐའེ་ལེན། སིང་ག་པུར་སོགས་ནས་ནང་པའི་དད་ལྡན་པ་གསུམ་སྟོང་ལྔ་བརྒྱ་ཙམ་བཅར་ཡོད་པ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཀྱི་སྔོན་འགྲོའི་བཀའ་སློབ་ནང་ང་ཚོ་ཚང་མ་འགྲོ་བ་མི་རིགས་ཤིག་ཡིན་པར་བརྟེན་ནས་དཀའ་ངལ་ལ་གདོང་ལེན་བྱེད་པའི་སྐབས་ངེས་པར་དུ་སོ་སོའི་རྣམ་དཔྱོད་བེད་སྤྱོད་བཏང་སྟེ་བརྟག་དཔྱད་དང་ཞིབ་འཇུག་བྱེད་པའི་ཐོག་ནས་དཀའ་སེལ་ངལ་ཐབས་བྱེད་པ་མ་ཟད། མིག་འགྱངས་རིང་པོ་མཐོང་ཐུབ་པ་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་པ་དང་ལྷག་པར་དུ་འགྲོ་བ་མིའི་རིགས་ལ་སྡུག་བསྔལ་ནི་ལུས་དང་གྲིབ་མ་ཇི་བཞིན་དུས་རྟག་ཏུ་འབྲེལ་ཡོད་ཀྱང་དཀའ་ངལ་དེར་གདོང་ལེན་བྱེད་པར་ངེས་པར་དུ་བསམ་བློ་ལྷིང་པོ་གཏོང་རྒྱུ་དེ་ནི་ཐབས་ལམ་གཙོ་བོ་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད། ཆོས་ཞུ་བའི་ཁྲོད་དུ་ཕེབས་པའི་རྒྱ་མི་རིགས་ནང་པ་རྣམས་ལ་དམིགས་བསལ་གྱི་བཀའ་སློབ་གནང་སྟེ་ཁྱེད་ཚོ་རྒྱ་མི་རིགས་ནང་པ་རྣམས་ནི་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་སློབ་མ་རྒན་པ་ཡིན་པ་དུས་རྟག་ཏུ་འདེངས་འཇོག་གནང་གི་ཡོད་ཅེས་དང་༸གོང་ས་མཆོག་གི་སྐུ་ཁམས་ཐད་ལ་ད་ཆ་ཡག་པོ་དྲག་བསྐྱེད་ཕེབས་ཡོད་ཀྱང་ད་དུང་མུ་མཐུད་ནས་སྐུ་ངལ་གསོ་དགོས་པའི་སྐོར་བཀའ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎