འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་ཚོས་བོད་ནང་གི་གནས་སྟངས་ལ་བློ་ཚབས་ཡོད་པ་གསལ་སྟོན་གནང་འདུག
དེ་ཡང་ཇར་མན་ནས་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་༢༨བར་ཉིན་གསུམ་རིང་ཇར་མན་(Germany)་དུ་སྐོང་འཚོགས་གནང་བའི་(G7)་ཞེས་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པ་ཚོའི་ལྷན་ཚོགས་རེས་གཟའ་མིག་དམར་ཉིན་མཇུག་སྒྲིལ་སྐབས། དབུ་ཁྲིད་རྣམ་པས། རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་བདག་དབང་རྒྱ་བསྐྱེད་བྱེད་བཞིན་པའི་བྱ་སྤྱོད་ལ་ཁྲིམས་མཐུན་གྱི་གཞི་རྩ་གང་ཡང་མེད་པ་དང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཐུགས་ཚབས་ཆེན་པོ་ཡོད་པ། ལྷག་པར་དུ་བོད་དང་། ཤར་ཏུར་ཀིསུ་ཐན་ནང་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་བྱེད་བཞིན་པའི་གནས་སྟངས་བཅས་ལ་ཐུགས་ཚབས་ཆེན་པོ་ཡོད་པ་གསལ་སྟོན་དང་ཧོང་ཀོང་ནང་རང་དབང་སྤྲོད་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་འདུག
དེའི་ཐད་བོད་རྒྱ་ཞི་མོལ་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་དང་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་ཐེངས་འཛམ་གླིང་གི་མང་གཙོའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་ཐོག་བོད་ཀྱི་གནས་སྟངས་གླེང་བ་དང་། ལྷག་པར་མཇུག་སྡོམ་སྐབས་གསལ་བསྒྲགས་སྤེལ་བའི་ནང་། བོད་ནང་གི་གནས་སྟངས་ཐད་བློ་ཚབས་ཡོད་པ་གསལ་སྟོན་བྱས་བ་ནི་རྒྱ་ནག་ལ་འབྲེལ་བ་གནང་སྐབས་བོད་ཀྱི་གནད་དོན་དེ་དོན་གནད་གལ་ཆེ་བ་ཞིག་ཡིན་པ་གསལ་བོ་མཚོན་པ་རེད་ལ། འདི་གནད་འགག་ཆེན་པོ་ཡིན་པ་གསུངས་བྱུང་།
འབྱོར་ལྡན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པས། རྒྱ་ནག་གཞུང་གིས་ཞི་བའི་ཐོག་ནས་རྩོད་རྙོག་འདུམ་འགྲིག་ཡོང་ཐབས་རྩ་འཛིན་གྱིས་ར་ཤེ་ཡས་ཡུཀ་རེན་ནང་བཙན་འཛུལ་བྱེད་བཞིན་པ་དེ་མཚམས་འཇོག་ཡོང་ཐབས་བྱེད་དགོས་ཀྱི་ཡོད་པ་ནན་བརྗོད་བྱེད་བཞིན་པ་དང་། ལྷག་པར་དུ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་བསྐྱེད་ཀྱི་བདག་དབང་རྩོད་ལེན་བྱེད་བཞིན་པའི་བྱ་སྤྱོད་དེ་རིགས་དོར་དགོས་པའི་ནན་བརྗོད་གནང་འདུག
ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་ཡུཀ་རེན་ནང་གི་ར་ཤེ་ཡའི་དམག་མི་ཕྱིར་འཐེན་བྱེད་དགོས་པ་རྒྱ་ནག་གཞུང་གིས་ར་ཤེ་ཡར་གནོན་ཤུགས་སྤྲོད་དགོས་བ་དང་། རྒྱལ་སྤྱིའི་ཁྲིམས་གཞིར་བཟུང་གིས་ར་ཤེ་ཡས་ཡུཀ་རེན་ནང་དམག་འཐབ་ཀྱི་བྱ་སྤྱོད་རིགས་ལ་ཉེས་པ་གཏོང་དགོས་པ་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐག་གཅོད་གནང་དགོས་ཀྱི་ཡོད་པ་སོགས་གསལ་སྟོན་གནང་འདུག
གཞན་(NATO)་དམག་དོན་སྤྱི་ཆིངས་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པས་ཀྱང་རྒྱ་ནག་གི་གནོན་ཤུགས་ལ་གདོང་ལེན་གནང་རྩིས་ཡོད་པ་རེད།
གསར་འགོད་པ། དབྱངས་སྒྲོན། ཀརྨ་རྒྱ་མཚོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།