རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་དད་གུས་མེད་པར་བཟོ་ཐབས་བྱེད་ཀྱི་འདུག

2021-01-07
Share
རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་དད་གུས་མེད་པར་བཟོ་ཐབས་བྱེད་ཀྱི་འདུག ལྷ་སའི་ནང་ཕྱིའི་གསར་འགོད་པ་ཁྲིད་སྐབས་དྲིལ་བསྒྲགས་པར་རིས་མཐོང་རྒྱུ་ཡོད་པ། ༢༠༢༠།༡༠།༡༤
Reuters

རྒྱ་ནག་གཞུང་གིས་ཚོགས་འདུ་རིམ་པ་དང་ཐབས་ལམ་འདྲ་མིན་བརྒྱུད་བོད་ནང་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་ཤུགས་རྐྱེན་དང་བོད་མི་ཚོའི་དད་གུས་མེད་པར་བཟོ་ཐབས་བྱེད་ཀྱི་འདུག
ཕྱི་ཟླ་དང་པོའི་ཚེས་༥ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཟེར་བ་ཞིག་སྐོང་ཚོགས་བྱས་པའི་ཐོག ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་པ་ལས་བྱུང་བའི་ཤུགས་རྐྱེན་ངན་པ་སེལ་ནས་མང་ཚོགས་ཀྱི་ཆོས་ལུགས་ཀྱི་བསམ་བློ་ལས་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ཡར་རྒྱས་གཏོང་བར་སེམས་ཤུགས་སྤེལ་རྒྱུ་གཙོ་གནད་དུ་འཛིན་རྒྱུར་ཤུགས་སྣོན་རྒྱག་དགོས་པ་བཤད་འདུག
དེ་ཡང་བོད་ལྗོངས་ཉིན་རེའི་ཚགས་པ་ཟེར་བའི་ཐོག་གནས་ཚུལ་སྤེལ་བའི་ནང་། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་དང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཀྱི་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཝུའུ་དབྱིང་ཅེས་ཀྱིས་ཚོགས་འདུའི་ཐོག སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་དང་། སྤྱི་ཚོགས་འཕེལ་རྒྱས་ལ་བཅངས་པའི་འདུ་ཤེས། སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་བཅས་ལག་བསྟར་བྱས་ནས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་བསྒྱུར་བཅོས་གཏོང་བར་ཤུགས་སྣོན་རྒྱག་དགོས་པ་བཤད་དེ། རྒྱ་ནག་གཞུང་གིས་བོད་ཀྱི་ཞིང་འབྲོག་ས་ཁུལ་ནང་དཔལ་འབྱོར་འཕེལ་རྒྱས་ཐོག་ལ་ཧ་ཅང་གི་དོ་ནན་བྱེད་བཞིན་ཡོད་པ་དེ་ནི། ཞིང་འབྲོག་མང་ཚོགས་ཀྱིས་བོད་ཀྱི་ཐོུང་མ་ཡིན་པའི་མི་རིགས་ཀྱི་ཆོས་ལུགས་དང་། ལྷག་དོན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཀྱི་བསམ་པ་དོར་ནས་དཔལ་འབྱོར་འཕེལ་རྒྱས་ལ་བསམ་བློ་ཕྱོགས་དགོས་པའི་སློབ་གསོ་སྤྲོད་ཐབས་ཐོག་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ལམ་ཐོག་ནས་ཞིང་འབྲོག་ས་ཁུལ་དུ་སྤྱི་ཚོགས་བརྟན་ལྷིང་བསྐྲུན་རྒྱུའི་སྐད་ཆ་བཤད་ནས། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དུ་གཏོང་ཐབས་བྱེད་བཞིན་ཡོད་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་ཡོད་པ་རེད།
དེ་བཞིན་རྒྱ་ནག་གཞུང་གིས། བོད་མི་རྣམས་ཀྲུང་ཧྭ་མི་རིགས་གཅིག་ཡིན་པའི་བསམ་བློའི་འདུ་ཤེས་དང་། བྱ་སྤྱོད་ཤུགས་ཆེ་རུ་བཏང་ནས་ཆབ་སྲིད་ཀྱི་ཚད་གཞི་སྔར་བས་མཐོ་བ་དང་། དམར་ཤོག་ཚོགས་པའི་ལྟ་གྲུབ་དང་ལས་དོན་དང་མཐུན་པའི་ཆབ་སྲིད་ཀྱི་ཁོར་ཡུག་ཞིག་བསྐྲུན་ཐབས་དང་། ལྷག་དོན་དམར་ཤོག་ཚོགས་པའི་ཚོགས་མི་དང་གཞུང་གི་ལས་བྱེད་པ་ཚོར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་དང་། བོད་ཀྱི་ལས་དོན་སྐོར་གྱི་གནད་དོན་ཁག་ལ་གཏིང་གཟབ་ཀྱིས་དོ་སྣང་བྱེད་དགོས་པ་བཤད་དེ། བོད་མིའི་བསམ་བློར་བཅིངས་འགྲོལ་གཏོང་བ་དང་། རྙིང་ཞེན་གྱི་བསམ་པའི་འདུ་ཤེས་མཐའ་གཅིག་ཏུ་དོར་ནས་དུས་རབས་དང་མཚུངས་པའི་བསམ་བློ་ལྡན་པ་ཞིག་བཟོ་རྒྱུར་སྐུལ་དེད་གཏོང་རྒྱུ་ཡིན་ལུགས་བརྗོད་དེ་གང་ལྟར་བོད་ཀྱི་གནའ་བོའི་སྲོལ་རྒྱུན་དང་བོད་མིའི་བསམ་པའི་དཔལ་ཡོན་དང་ཆོས་དད་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད་པའི་སྲིད་བྱུས་དེང་སྐབས་རྒྱ་ནག་དམར་པོའི་གཞུང་གིས་ལག་བསྟར་བྱེད་བཞིན་ཡོད་པར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་བློ་འཚབ་གནང་གི་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།