བོད་རང་སྐྱོང་ལྗོངས་ཟེར་བའི་ཡུལ་གྲོང་བརྒྱད་བཅུའི་ནང་ཁྲིམས་འཛིན་ཡན་ལག་འཛུགས་འཆར་འདུག

2021.04.19
བོད་རང་སྐྱོང་ལྗོངས་ཟེར་བའི་ཡུལ་གྲོང་བརྒྱད་བཅུའི་ནང་ཁྲིམས་འཛིན་ཡན་ལག་འཛུགས་འཆར་འདུག ལྷ་སའི་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་གི་ཉེན་རྟོག་པ། ༡༠།༡༥།༢༠༢༠
Reuters

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཡུལ་གྲོང་བརྒྱད་བཅུའི་ནང་ཁྲིམས་འཛིན་ཡན་ལག་འཛུགས་འཆར་ཡོད་པ་ནི་བོད་མི་ཚོར་སྟངས་འཛིན་བྱེད་བདེའི་ཆེད་ཡིན་པ་ཉམས་ཞིབ་པས་ངོས་འཛིན་གནང་བཞིན་འདུག
བོད་རང་སྐྱོང་ལྗོངས་ཟེར་བའི་ཡུལ་གྲོང་བརྒྱད་བཅུའི་ནང་ཁྲིམས་འཛིན་གྱི་ཡན་ལག་ཁང་འཛུགས་རྒྱུའི་ལས་དོན་བརྡ་ཁྱབ་ཀྱི་ཚོགས་འདུ་ཞིག་སྐོང་ཚོགས་བྱས་འདུག་ཅིང་། གནད་དོན་དབྱེ་ཞིབ་པ་ཚོས་འདི་ནི་བོད་ཀྱི་གཞི་རིམ་ས་ཁུལ་ནང་བོད་མིར་དེ་བས་དམ་དྲག་ཆེ་རུ་གཏོང་བའི་སྲིད་བྱུས་ཤིག་ཡིན་པ་བརྗོད་བཞིན་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཟླ་༤ཚེས་༡༣ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཚོགས་འདུ་ཞིག་སྐོང་ཚོགས་བྱས་འདུག་པ་དེའི་སྐབས། གཙོ་བོ་ཁྲིམས་འཛིན་གྱི་ཡན་ལག་ཁང་འཛུགས་རྒྱུའི་རྣམ་གྲངས་ཟེར་བ་འདིའི་ས་གནས་ཁག་གི་གནས་ཚུལ་བརྡ་ཁྱབ་བྱས་ཡོད་པ་རེད། ཚོགས་འདུའི་ཐོག་གཞི་རིམ་གྱི་ས་ཁུལ་ཁག་གི་ནང་ཁྲིམས་འཛིན་གྱི་ཡན་ལག་ཁང་འཛུགས་རྒྱུ་དེ་ནི། རྒྱ་ནག་དབུས་གཞུང་གི་བཀའ་བཀོད་ཡིན་པ་གསལ་བཤད་ཐོག བོད་ཀྱི་ས་ཁུལ་ཁག་ནང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་སྐོང་ཚོགས་བྱས་རྗེས་གཏན་འབེབས་བྱས་པའི་ལས་འགན་གཞིར་བཟུང་དོན་ཆེན་བཞི་ཟེར་བ་དང་འགན་ལེན་བཞི་ཟེར་བའི་ལས་དོན་གང་ལེགས་སྤེལ་དགོས་པ་བརྗོད་འདུག
ཁྲིམས་འཛིན་ཡན་ལག་ཟེར་བ་དེ་ནི་གཙོ་བོ་ནི་འབྲེལ་ཡོད་ཁྲིམས་དང་འཛིན་སྐྱོང་གི་ཟིན་བྲིས་དང་། ཁྲིམས་ལུགས་སློབ་གསོའི་དྲིལ་བསྒྲགས། བཙོན་ཁང་སོགས་ཀྱི་འཛིན་སྐྱོང་ལས་དོན། དེ་བཞིན་ཁྲིམས་རྩོད་པའི་ལས་དོན་དྲང་བདེན་གྱི་ལྟ་རྟོགས་བྱེད་མཁན་སོགས་ཁྲིམས་དང་འབྲེལ་ཡོད་ཀྱི་ལས་དོན་སྤེལ་མཁན་གྱི་ཚན་པ་ཞིག་ཡིན་འདུག
འདི་ལོའི་ཟླ་བ་བཅུ་གཉིས་པའི་གོང་ཁྲིམས་འཛིན་གྱི་ཆེད་ལས་མི་སྣ་ལས་གནས་སུ་བཀོད་སྒྲིག་ཐུབ་པ་དང་། ཕྱི་ལོ་༢༠༢༤ལོར་ཡན་ལག་ལས་ཁུངས་ཚང་མར་ལས་བྱེད་མི་སྣ་གསུམ་ལས་མང་བ་བཀོད་སྒྲིག་ཐུབ་དགོས་པའི་དམིགས་ཚད་བཟུང་བཞིན་ཡོད་འདུག འོན་ཀྱང་འདི་ལོའི་ལོ་མཇུག་གོང་ཁྲིམས་འཛིན་གྱི་ཡན་ལག་ཁང་དེ་དག་བེད་སྤྱོད་ཐུབ་པ་ཡོང་དགོས་སྐོར་བརྗོད་འདུག
བདེ་འཇགས་སྲུང་སྐྱོབ་ཆེད་མིང་འབོད་མ་བྱས་པའི་བོད་ནང་གི་བོད་མི་ཞིག་གིས། བོད་ཀྱི་གྲོང་གསེབ་དང་གྲོང་རྡལ་ཁུལ་གྱི་མང་ཚོགས་ནས་ད་ལྟ་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་གཞི་རིམ་མང་ཚོགས་ཁྲོད་བྱེད་མི་ཆོག་པ་ཟེར་བ་དང་། གཞུང་ཕྱོགས་ཀྱི་ཁྲིམས་ལུགས་སློབ་གསོ་ཟེར་བའི་མིང་ཐོག་ནས་རང་དབང་གང་ཡང་མེད་པར་ཆབ་སྲིད་ཀྱི་སློབ་གསོ་རབ་དང་རིམ་པ་སྤེལ་བཞིན་པར་བསུན་སྣང་བྱེད་བཞིན་ཡོད་པ་བརྗོད་བྱུང་ལ། མང་ཚོགས་ལ་འཕྲད་བཞིན་པའི་ཉིན་རེའི་དཀའ་ངལ་སེལ་རྒྱུར་དོ་སྣང་བྱེད་མཁན་མེད་པ་བརྗོད་ཀྱི་འདུག
གནད་དོན་དབྱེ་ཞིབ་པས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྲིམས་ལུགས་སློབ་གསོ་ཟེར་བ་དང་། གུང་ཁྲན་དམར་ཤོག་ཚོགས་པའི་ལྟ་གྲུབ་ཀྱི་སློབ་གསོ་རིམ་པ་གཏོང་བཞིན་ཡོད་པ་རྣམས་སྔོན་ལ་གྲོང་ཁྱེར་དང་ལས་ཁུངས་ཚན་པ་ཁག་ནང་སྤེལ་ཏེ་རིམ་པས་གཤམ་འོག་གྲོང་གསེབ་ཁུལ་གྱི་ཞིང་འབྲོག་མང་ཚོགས་ནང་སྤེལ་འགོ་ཚུགས་པ་དང་། དམིགས་བསལ་ཁྲིམས་འཛིན་གྱི་ཡན་ལག་ཁང་ཟེར་བ་བརྒྱད་བཅུ་འཛུགས་རྒྱུའི་ལས་གྲའི་དམིགས་ཡུལ་ནི། ཞིང་འབྲོག་མང་ཚོགས་ཀྱི་ཉིན་རེའི་འཚོ་བ་དང་བསམ་བློའི་འཁྱེར་སོ། ཆོས་དད་རང་མོས་ལ་བཀག་འགོག་སོགས་ཕྱོགས་ཡོངས་ནས་གཞུང་གིས་སྟངས་འཛིན་ནན་པོ་ཐུབ་ཆེད་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ད་རེས་ཚེས་༡༣ཉིན་ཚོགས་པའི་གོང་ཞུས་ཀྱི་ཚོགས་འདུ་འདིའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་གཏོགས་པའི་གྲོང་ཁྱེར་དང་ས་གནས་ཁག་གི་ཁྲིམས་འཛིན་ཚན་པའི་མི་སྣ་རྣམས་དྲ་ལམ་བརྒྱུད་མཉམ་ཞུགས་བྱས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎