སུད་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་སྟེང་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་འདུག
དེ་ཡང་ཟླ་བ་འདིའི་ཚེས་ལྔ་ཉིན་སུད་སིའི་གྲོས་ཚོགས་ཀྱི་དཔྱིད་ཀའི་ཚོགས་དུས་ཚོགས་བཞིན་པའི་སྐབས་དང་བསྟུན། སུད་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་བསྐོངས་གནང་ཡོད་པ་དང་། ཚོགས་འདུ་དེ་བཞིན་སུད་སི་རྒྱལ་ཡོངས་འོས་བསྡུའི་ལས་རིམ་འགྲུབ་རྗེས་བསྐོང་ཚོགས་གནང་བ་ཐོག་མ་དེ་ཆགས་ཡོད་འདུག་ལ། སུད་སིའི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་དྲ་ལམ་བརྒྱུད་བསྐྱར་བདམས་བྱུང་བའི་གྲོས་ཚོགས་འཐུས་མི་རྣམས་ལ་འཚམས་འདྲི་ཞུས་གནང་བ་དང་མཉམ། བོད་ནང་ད་ལྟའི་ཆར་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་གནས་སྟངས་ངོ་སྤྲོད་གནང་བ་དང་ཆབས་ཅིག གྲོས་ཚོགས་འཐུས་མི་རྣམས་ནས་ད་བར་བོད་དོན་བདེན་མཐའ་སེལ་ཐབས་སུ་སུད་སིའི་གྲོས་ཚོགས་ནང་དང་ཕྱི་ཕྱོགས་སུའང་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ད་དུང་མུ་མཐུད་ནས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གནང་འདུག དེ་དང་ཕྱོགས་མཚུངས་ཁོང་གིས་བོད་རྒྱའི་དཀའ་རྙོག་དེ་ནི་རྒྱལ་སྤྱིའི་གནད་དོན་ཞིག་ཀྱང་ཆགས་ཀྱི་ཡོད་དུས་རྒྱལ་སྤྱིའི་ཐོག་གླེང་སློང་དང་ཤེས་རྟོགས་ཐུབ་པ་བཟོ་ཐབས་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་ཏེ་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ནང་གི་དངོས་ཡོད་གནས་སྟངས་དང་བཙན་བྱོལ་བོད་མི་ཚོའི་གནས་སྟངས་སོགས་མཁྱེན་རྟོགས་ཆེ་ཙམ་ཡོང་སླད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་ཡུལ་དང་བཙན་བྱོལ་བོད་མིའི་བསྟི་གནས་ཆགས་ཡུལ་རྡ་རམ་ས་ལར་ངེས་པར་དུ་འཚམས་གཟིགས་ཕེབས་རྒྱུར་མགྲོན་འབོད་ཞུ་གི་ཡོད་ཅེས་གསུངས་ཡོད་འདུག
ཡང་ཚོགས་འདུའི་ཐོག་དོན་གཅོད་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས། ཉེ་ཆར་བོད་ཀྱི་སྡེ་དགེ་ཁུལ་དུ་རྒྱ་ནག་གཞུང་གིས་ཆུ་མཛོད་གློག་ཁང་གསར་རྒྱག་གི་ལས་གཞིའི་ཆེད་ས་གནས་ཡུལ་མི་རྣམས་ས་གནས་གཞན་དུ་གཞིས་སྤོས་བྱེད་རྒྱུའི་བཙན་བཀའ་བཏང་བར་མང་ཚོགས་ནས་ཞི་བའི་ཐོག་ནས་ཞུ་འབོད་བྱེད་མཁན་ཚོར་རྒོལ་རྡུང་དང་མི་མང་སྟོང་ཕྲག་གཅིག་ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གནད་དོན་སྐོར་ངོ་སྤྲོད་གནང་ཡོད་པ་དང་། འཐུས་མི་ཚོས་ཀྱང་གནད་དོན་དེར་ཐུགས་ཚབས་དང་བཅས་གྲོས་ཚོགས་ནང་གླེང་སློང་གནང་གི་ཡིན་ཞེས་གསུངས་ཡོད་འདུག
ཡང་ཚོགས་འདུའི་ཐོག་རྒྱལ་སྤྱིའི་ཁྲིམས་རྩོད་པ་དང་། བོད་གནས་མཁས་དབང་སྐུ་ཞབས་(Michael Van Walt)་ལགས་ཀྱིས་བརྩམས་པའི་(Tibet Brief 2020)་བོད་དོན་སྐོར་དེབ་འཇར་མན་སྐད་ཡིག་ནང་ཕབ་བསྒྱུར་ཞུས་པ་དེ་ཡང་གྲོས་ཚོགས་འཐུས་མི་ཚོར་འགྲེམས་སྤེལ་གནང་ཡོད་འདུག
ད་རེས་ཚོགས་འདུའི་ཐོག་སུད་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་ལྕམ་(Fabian Molina)་ལགས་གཙོས་གྲོས་ཚོགས་འཐུས་མི་ཁག་ཅིག་མཉམ་ཞུགས་གནང་ཡོད་པ་སུད་སི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།