རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དུས་བཀག་བསྐྱར་ཞིབ་ཀྱི་མཇུག་སྐྱོང་བགྲོ་གླེང་གནང་འདུག





འདི་ཚེས་༢༦ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་གནང་བ་མཇུག་སྐྱོང་གནང་ཕྱོགས་ཀྱི་ལས་དོན་ཚོགས་འདུ་ཚོགས་ཡོད་པ་དང་། སྐབས་དེར་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་༡༦༡གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་གླེང་སློང་གིས་དེ་འབྲེལ་གྱི་བསམ་འཆར་ཁག་ཁྱོན་༤༢༨བཏོན་ཡོད་པ་དང་། ཚོགས་མི་རྒྱལ་ཁབ་༣༦གིས་ཚོགས་འདུའི་སྔོན་ཚུད་དུ་རྒྱ་ནག་ལ་དྲི་བ་བཏང་ཡོད་པ་རེད།
དེའི་སྔོན་ཚེས་༢༣་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་དངོས་སུ་གནང་བའི་སྐབས། རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ཉི་ཤུ་ལྷག་གིས་བོད་དོན་དང་འབྲེལ་བའི་དོན་ཚན་༢༥རྒྱབ་གཉེར་གནང་ནས་བོད་དོན་གླེང་ཡོད་པ་དང་། དེ་ནི་༢༠༡༨ལོའི་བསྐྱར་ཞིབ་ཐེངས་གསུམ་པ་དང་བསྡུར་ན་ལྡབ་གཅིག་ལྷག་གི་མང་བ་བྱུང་ཡོད་པ་རེད།
རྒྱལ་ཚོགས་ནང་གི་རྒྱ་ནག་གི་སྐུ་ཚབ་ཀྱིས་ཚོགས་མི་རྒྱལ་ཁབ་ཁག་གིས་བཏོན་པའི་བསམ་འཆར་ལམ་སྟོན་དེ་དག་ལ་རྒྱ་ནག་དང་རྒྱ་ནག་མི་དམངས་ཀྱི་གནས་སྟངས་དང་མཐུན་པའི་ཐོག་ནས་བལྟ་རྒྱུ་ཡིན། ཡིན་ན་ཡང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ཆབ་སྲིད་སོགས་ལ་བེད་སྤྱོད་བཏང་བ་ཡིན་ན་དེ་ནི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་བའི་ལམ་ཕྱོགས་དང་མཐུན་གྱི་མེད་ཅེས་འགྲེལ་བརྗོད་བྱས་བ་དང་འབྲེལ་རྒྱལ་ཚོགས་ཀྱི་དུས་བཀག་ནང་ཚུད་ལན་འདེབས་བྱེད་རྒྱུ་ཡིན་པ་བརྗོད་འདུག
དེ་སྔ་སྤྱི་ལོ་༢༠༡༨་ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་གནང་སྐབས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ནས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་༡༥༠ཡིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་གླེང་སློང་གིས་དེ་འབྲེལ་གྱི་བསམ་འཆར་ཁག་ཁྱོན་༣༤༦བཏོན་ཡོད་པ་རེད།
རྒྱལ་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་འདི་ནི་ལོ་ལྔ་རེའི་མཚམས་སུ་གནང་གི་ཡོད་པ་དང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དུས་བཀག་བསྐྱར་ཞིབ་རིམ་པ་གནང་བའི་སྐབས། རྒྱལ་ཁབ་ཁག་མང་པོ་ཞིག་གིས་རྒྱ་ནག་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐད་འདྲི་རྩད་ནན་པོ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གི་ངོ་ཚབ་རྣམས་ཀྱིས་དེ་འབྲེལ་ལན་འདེབས་གཙང་མ་ཞུ་ཐུབ་ཀྱི་མེད་པ་དང་། ལན་འདེབས་ཁ་གསལ་མེད་པ་སོགས་ཀྱི་གནས་ཚུལ་རིམ་པ་བྱུང་ཡོད།
*འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་གནང་བའི་འབྲེལ་ཡོད་གནས་ཚུལ་ཁག་འདིར་གནན་ནས་གཟིགས་ཐུབ།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།