བརྒྱད་ཅུའི་འཁྲུངས་སྐར་བསུ་ཞེས་པའི་སྐད་འཕྲིན་ཚོགས་པ་བཙུགས་རྐྱེན་བོད་མི་བློ་ཚེ་ལགས་འཛིན་བཟུང་བྱས་ཡོད་འདུག

2022.07.26
Share on WhatsApp
Share on WhatsApp
བརྒྱད་ཅུའི་འཁྲུངས་སྐར་བསུ་ཞེས་པའི་སྐད་འཕྲིན་ཚོགས་པ་བཙུགས་རྐྱེན་བོད་མི་བློ་ཚེ་ལགས་འཛིན་བཟུང་བྱས་ཡོད་འདུག བརྒྱད་ཅུའི་འཁྲུངས་སྐར་བསུ་ཞེས་པའི་སྐད་འཕྲིན་ཚོགས་པ་འཛུགས་མཁན་བློ་ཚེ།
Tibet Times

ཕྱི་ཟླ་༧པའི་ཟླ་མཇུག་ནང་རྒྱ་ནག་གཞུང་གིས་དཀར་མཛེས་ཁུལ་སེར་ཤུལ་རྫོང་འབུམ་རྙིང་དགོན་རུ་མ་ནས་བོད་མི་བློ་ཚེ་ཞེས་པ་ཞིག་གིས། བརྒྱད་ཅུའི་འཁྲུངས་སྐར་བསུ་ཞེས་པའི་སྐད་འཕྲིན་ཚོགས་པ་བཙུགས་པས་ས་གནས་ཉེན་རྟོག་པས་ཁྲིམས་འགལ་གྱི་ལས་དོན་བྱས་སྐོར་བརྗོད་ནས་འཛིན་བཟུང་བཙན་ཁྲིད་ཀྱིས་སེར་ཤུལ་རྫོང་ཐོག་ཏུ་ཁྲིད་ཡོད་སྐོར། བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་གཅིག་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། བློ་ཚེ་ལགས་ནས་སྐད་འཕྲིན་ཚོགས་དེའི་ནང་བོད་ཀྱི་བླ་ཆེན་ཁག་གི་ནང་འཁྲུངས་སྐར་སྲུང་བརྩི་བྱེད་བཞིན་ཡོད་པ་དང་། ཁོང་གི་ཚོགས་པ་དེར་བོད་ནང་གི་ས་ཁུལ་འདྲ་མིན་ནས་མཉམ་ཞུགས་གནང་མཁན་མི་གྲངས་༡༠༠ལྷག་ཡོད་འདུག་ལ། ད་ལྟའི་ཆར་ཁོང་སེར་ཤུལ་རྫོང་ཐོག་ཏུ་བཙན་ཁྲིད་བྱས་པ་ཙམ་ལས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་ཆགས་ཡོད་འདུག་ལ། ཉེན་རྟོག་པས་ཁོང་འཛིན་བཟུང་བྱེད་སྐབས་ས་གནས་ཡུལ་མི་མང་པོར་འདྲི་རྩད་དང་འཇིགས་སྐུལ་རིགས་བྱས་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཡང་གནས་ཚུལ་མཁོ་སྤྲོད་པས་རྒྱ་ནག་ཉེན་རྟོག་པ་ཉིན་ཤས་སྔོན་བློ་ཚེ་ལགས་ཀྱི་ཁྱིམ་དུ་འཛུལ་ཡོང་སྟེ། སྐད་འཕྲིན་ཚོགས་པ་དེ་འདྲ་འཛུགས་དགོས་པའི་རྒྱུ་མཚན་འདྲི་རྩད་དང་། སྐད་འཕྲིན་ཚོགས་པ་འཛུགས་པར་ཐོག་མར་ཉེན་རྟོག་པར་ཐོ་འགོད་ཡར་ཞུ་མ་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་པ་བརྗོད་བྱུང་ལ། སྤྱིར་རྒྱ་ནག་གཞུང་གིས་ལོ་ལྟར་༧གོང་ས་མཆོག་གི་འཁྲུངས་སྐར་དང་འབྲེལ་བོད་ནང་གི་བོད་མི་ཚོར་དམ་དྲག་དང་ཞིབ་བཤེར་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད་ལ། སྔར་ལོའི་སྐུའི་འཁྲུངས་སྐར་སྐབས་བོད་ནང་སྐད་འཕྲིན་ཚོགས་པ་ཁག་ཅིག་གི་ནང་། བོད་མི་ཚོས་འཁྲུངས་སྐར་དང་འབྲེལ་བའི་པར་རིས་འདྲ་མིན་ཕར་ཚུར་བསྐུར་རེས་གནང་བས། དཀར་མཛེས་རྫོང་གི་བུད་མེད་རྫ་པོ་དང་སྐྱེས་པ་དཀོན་མཆོག་བཀྲ་ཤིས་གཙོས་བོད་མི་ཁག་ཅིག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༨ལོར་སྐད་འཕྲིན་ཚོགས་པ་ཁག་ནང་ཏང་དང་རྒྱལ་ཁབ། སྤྱི་ཚོགས་བདེ་འཇགས་སོགས་ལ་གནོད་པའི་གནས་ཚུལ་བརྒྱུད་བསྐུར་མི་ཆོག་པའི་ཁྲིམས་བཟོས་པ་དང་འབྲེལ། རྔ་བ་རྫོང་སྤྲོ་ཚིགས་དགོན་པའི་དགེ་བསྐོས་དཀོན་མེ་ལགས་ནས་སྐད་འཕྲིན་ཚོགས་པའི་ནང་སྐུ་རིམ་དང་འབྲེལ་བའི་སྐད་ཆ་བཤད་རྐྱེན་འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།

བོད་མི་བློ་ཚེ་ལགས་ནི་ད་ལོ་དགུང་ལོ ༥༧ ཙམ་ཡིན་ཞིང་། ཁོང་གི་བཟའ་ཟླ་དེ་སྔ་ནས་འདས་གྲོངས་སུ་སོང་ཡོད་པ་དང་། ཤུལ་དུ་ཁོང་གཉིས་ལ་བུ་གཉིས་ཡོད་འདུག

 

གསར་འགོད་པ། སངས་རྒྱས་དཀོན་མཆོག 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎