སྨར་ཁམས་ཕྱོགས་སུ་ས་ཆའི་བདག་དབང་གི་རྩོད་རྙོག་དང་འབྲེལ་ནས་འཛིན་བཟུང་བྱས་པའི་བོད་མི་བཞི་བོ་གློད་གྲོལ་བཏང་འདུག

2024.04.19
སྨར་ཁམས་ཕྱོགས་སུ་ས་ཆའི་བདག་དབང་གི་རྩོད་རྙོག་དང་འབྲེལ་ནས་འཛིན་བཟུང་བྱས་པའི་བོད་མི་བཞི་བོ་གློད་གྲོལ་བཏང་འདུག སྨར་ཁམས་རྫོང་ཁོངས་ཕུར་པ་རུ་བ་རྟག་ཚ་ཁུལ་དུ་ས་ཆའི་བདག་དབང་གི་རྩོད་རྙོག་དང་འབྲེལ་བོད་མི་ཚོས་ཞུ་འབོད་སྐབས། ༠༤།༡༠།༢༠༢༤
བོད་འབྱོར། མི་སེར་གསར་འགོད་པ།

རྒྱ་ནག་གིས་ཆ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ཁོངས་སྨར་ཁམས་རྫོང་ཀླུ་ར་ཆུས་(洛尼乡) ཕུར་པ་རུ་བ་རྟག་ཚ་ཁུལ་དུ། རྒྱ་ནག་གཞུང་གིས་ས་གནས་བོད་མིའི་ས་ཆ་བཙན་འཕྲོག་བྱས་པར་བརྟེན། སྤྱི་ཟླ་༤ཚེས་༡༠ཉིན་ས་གནས་བོད་མི་ཚོས་ཞུ་འབོད་སྐབས་བོད་མི་༤རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རྣམས་ཕྱི་ཟླ་ ༤ ཚེས་ ༡༦ ཉིན་གློད་གྲོལ་བཏང་ཡོད་པ་དང་། ས་གནས་མི་མང་ལ་ས་ཆའི་གུན་གསབ་སྤྲོད་རྒྱུ་ཡིན་པ་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་ཁས་ལེན་བྱས་ཡོད་འདུག
འཛིན་བཟུང་བྱས་པའི་བོད་མི་བཞི་པོ་བཀག་ཉར་བྱས་རིང་རྡུང་རྡེག་མནར་གཅོད་བཏང་སྟེ་གཅིག་གི་འགྲམ་པར་སྐྲངས་སྦོས་བྱུང་ཡོད་འདུག་ལ། ཕྱི་ཟླ་༤ཚེས་༡༠ཉིན་བྱུང་བའི་ཉེན་རྟོག་པ་དང་བོད་མིའི་དབར་གདོང་ཐུག་གི་གནས་ཚུལ་དེ་དག་ཕྱི་ཕྱོགས་སུ་བཏང་བ་ནི་ཉེས་པ་ཚབས་ཆེན་བསག་པ་ཡིན་སྐོར་བརྗོད་དེ་རྩད་གཅོད་བྱས་པའི་རྗེས་ལས་སླ་པོ་འཇོག་རྒྱུ་མིན་ཅེས་ཚོགས་འདུ་བསྡུ་བསྐོང་གིས་སྡིག་ར་སྐུལ་ཡོད་འདུག
༢༠༢༤ ཟླ་ ༤ ཚེས་ ༡༦ ཉིན་སྨར་ཁམས་རྫོང་གི་ཉེན་རྟོག་པའི་རླངས་འཁོར་བདུན་ནང་། དམག་མི་དང་ཉེན་རྟོག་པ། རྫོང་གི་རྒྱ་ནག་གི་ལས་བྱེད་གཉིས། སྨར་ཁམས་རྫོང་གི་ཞིང་ལས་ལས་ཁུངས་ཀྱི་ལས་བྱེད་པ་སོགས་ཁྱོན་བསྡོམས་མི་གྲངས་ ༡༦ ཙམ་སྨར་ཁམས་རྫོང་ཀླུ་ར་ཆུས་ས་གནས་དེར་ཞོགས་པ་ཆུ་ཚོད་ ༡༠ ཙམ་གྱི་ཐོག་སླེབས་འདུག་ཅིང་། ཁྱིམ་ཚང་རེ་ནས་ཉུང་མཐར་མི་རེ་ཚོགས་འདུར་ཡོང་དགོས་ཞེས་བཀའ་བཏང་པ་དང་། དེ་ཡང་ཚོགས་འདུའི་ཐོག་མི་མང་ལ་ཕྱི་ཟླ་ ༤ ཚེས་ ༡༠ ཉིན་བྱུང་བའི་ས་ཆའི་བདག་དབང་དང་གུན་གསབ་སྤྲོད་དགོས་པའི་གནད་དོན་གྱི་ཐོག་ནས་རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་གདོང་ཐུག་གི་གནས་གནས་ཚུལ་བྱུང་པ་དེ་ཕྱི་ཕྱོགས་སུ་ཁྱབ་འདུག་པ་ནི་ནག་ཉེས་ཆེན་པོ་རེད་ཅེས་སྡིག་ར་སྐུལ་ཡོད་འདུག་ལ། རྒྱ་ནག་གཞུང་གི་ལས་བྱེད་པ་ཚོས་དེ་སྔོན་ནས་གནས་ཚུལ་དེ་རིགས་ཕྱི་ཕྱོགས་སུ་གཏོང་མི་ཆོག་ཅེས་ཇི་ཙམ་བཤད་ཀྱང་། དེ་ལ་ཉན་འཇོག་བྱས་མི་འདུག་ཅེས་བརྗོད་དེ་ཁ་རྡུང་བཏང་བ་མ་ཟད། གནས་ཚུལ་འདི་ཕྱི་ཕྱོགས་སུ་གཏོང་མཁན་འབྲེལ་ཡོད་དོ་བདག་སུ་ཡིན་མིན་རྩད་གཅོད་དང་ཞིབ་འཇུག་བྱས་རྗེས་མཇུག་འབྲས་ཚབས་ཆེན་ཡོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

5a94a825-cd47-44ba-8771-2246b1a6cc4d.jpeg
གཞན་ཡང་ཚོགས་འདུའི་ཐོག་ཀླུ་ར་ཆུས་ཀྱི་འབྲེལ་ཡོད་མང་ཚོགས་སར་ནས་བཙན་འཕྲོག་བྱས་པའི་ས་ཆའི་བདག་པོར་གྱོང་མ་རག་པར་རྒྱ་ནག་གཞུང་གིས་གུན་གསབ་སྤྲོད་རྒྱུ་ཡིན་པ་བརྗོད་ཡོད་ན་ཡང་གུན་གསབ་ཇི་ཙམ་སྤྲོད་རྒྱུ་ཡིན་མིན་སོགས་ཁ་གསལ་བཤད་མི་འདུག
ད་དུང་སྨར་ཁམས་རྫོང་གིས་དཔོན་རིགས་ཚོས། ང་ཚོའི་ནང་ཁུལ་གྱི་གནད་དོན་རྣམས་ནང་ཁུལ་དུ་ཐག་གཅོད་བྱེད་རྒྱུ་ལས་ཕྱི་ཕྱོགས་སུ་གནས་ཚུལ་བཀྲམ་པ་དེ་དག་རྩ་བ་ནས་འགྲིག་མེད་ལུགས་ཀླུ་ར་ཆུས་སུ་དུས་ཡུན་ཆུ་ཚོད་ ༢ ཙམ་རིང་མི་མང་རྣམས་ཚོགས་འདུ་བསྡུས་ནས་ས་གནས་མི་མང་ཚང་མ་ཧ་ཅང་འཇིགས་སྣང་སྐྱེ་དགོས་པ་བཟོས་སོང་ཞེས་རང་གི་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པའི་བོད་ནང་གི་བོད་མི་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་བྱུང་།
སྨར་ཁམས་རྫོང་གི་རྒྱ་མིའི་ལས་བྱེད་དེ་དག་གིས་ཚོགས་འདུ་བསྐོང་ནས་ཞུ་དོན་གཙོ་བོ་ནི། ཁུལ་དེར་བྱུང་པའི་གནས་ཚུལ་དེ་དག་ཕྱི་ཕྱོགས་སུ་བཏང་བ་ཡིན་ན་ཉེས་པ་ཚབས་ཆེན་བསག་པ་ཡིན་ལུགས་ནན་བརྗོད་ཀྱིས་ད་ལྟའི་སྐབས་སུ་ཕྲལ་དུ་འཇུ་བཟུང་བྱས་པ་སོགས་བྱུང་མེད་ཀྱང་ཚོགས་འདུའི་ཐོག་མི་སུ་ཞིག་གིས་ཁ་པར་ལག་པ་འཇུ་མི་ཆོག་པ་བཀོད་བསྡོམས་བྱས་ཏེ་པར་དང་བརྙན་ལེན་རྒྱུར་ཐབས་ཤེས་བྱེད་ཐབས་རྩ་བ་ནས་མེད་པ་བཟོས་ཡོད་འདུག
ཡང་བོད་ནས་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས། ཁ་སྔོན་གནས་ཚུལ་དེ་ཕྱི་ལ་མ་བཏང་བ་ཡིན་ཚེ། ད་ལྟའི་སྐབས་འཇུ་བཟུང་བྱས་པའི་ཕོ་གསར་བཞི་པོ་གློད་གྲོལ་གཏོང་རྒྱུ་ལྟ་ཅི། གུན་གསབ་སྤྲོད་རྒྱུའི་སྐོར་ཙམ་ཡང་སྐད་ཆ་རྩ་བ་ནས་གླེང་ཡོད་ཀྱི་མ་རེད་ཅེས་བརྗོད་བྱུང་ལ། ས་ཆའི་བདག་དབང་གི་རྩོད་རྙོག་གི་གནས་ཚུལ་འདི་ཕྱི་ལ་བཀྲམ་ནས་བརྒྱུད་བསྒྲགས་ཆེན་པོར་གྱུར་པའི་རྐྱེན་གྱིས། རྒྱ་ནག་གཞུང་གིས་དོ་སྣང་དང་ཡ་ལན་བྱེད་རྒྱུར་ཕན་ཐོགས་བྱུང་ཡོད་པའི་ཡིད་ཆེས་བྱེད་ཀྱི་འདུག་ཅེས་གསུངས་བྱུང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཉིན་ཤས་སྔོན་གནས་ཚུལ་ཤེས་རྟོགས་བྱུང་བར། སྨར་ཁམས་རྫོང་ཀླུ་རྭ་ཆུས་རྟག་ཚ་ཁུལ་དུ་ས་གནས་དེར་ཡོད་བོད་མི་ཁྱིམ་ཚང་ ༢༥ ཙམ་གྱི་སྤྱི་ལ་བདག་པའི་ས་ཆ་ཆེན་པོ་ཞིག་ཡོད་པ་དང་། དེར་སྨར་ཁམས་རྫོང་གི་འབྲེལ་ཡོད་དཔོན་རིགས་ཚོས་ཕྱི་ལོ་ ༢༠༢༣ ནས་བཟུང་ཚོང་པ་ཁག་ཅིག་དང་ལག་འབྲེལ་བྱས་ཏེ་ས་ཆ་དེ་དག་བཙན་འཕྲོག་གིས་ཕྱིར་ཚོང་བྱས་པ་མ་ཟད། ས་གནས་བོད་མི་རྣམས་ལ་གུན་གསབ་སོགས་གང་ཡང་སྤྲད་མེད་པ་རེད།
ཕྱི་ལོ་༢༠༢༤ཟླ་༤ཚེས་༡༠ཉིན་ས་གནས་མི་མང་གིས་ས་ཆ་བསྡུ་ལེན་བྱས་པར་གུན་གསབ་སྤྲོད་དགོས་པའི་ཞུ་འབོད་བྱས་སྐབས། རྒྱ་ནག་གཞུང་གིས་ཉེན་རྟོག་པ་བཏང་ནས་གུན་གསབ་སྤྲོད་རྒྱུའི་ཚབ་ཏུ་འབོད་སྐུལ་ཞུ་མཁན་གྱི་ཉུང་མཐར་བོད་མི་གཞོན་སྐྱེས་༤འཛིན་བཟུང་བྱས་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྙན་ཐུང་དང་བཅས་གནས་ཚུལ་འབྱོར་ཡོད།།


གསར་འགོད་པ། བློ་བཟང་ཆོས་འཕེལ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་བོད་བརྒྱུད་ནང་བསྟན་གྱི་གནའ་བོའི་རིག་དངོས་ཁག་ཅིག་རྒྱ་ནག་ལ་ཕྱིར་སྤྲོད་བྱས་བར་བོད་མི་ཚོས་སེམས་ཚབས་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎