རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཨོསི་ཊརེ་ལི་ཡའི་ནང་འབྱོར་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་བྱེད་འཆར་འདུག

ཨོསི་ཊརེ་ལི་ཡའི་རྒྱལ་ས་ཁེན་བྷ་ར་དང་སིཌ་ཎི་བོད་རིགས་མཐུན་ཚོགས་གཉིས་གཙོ་བོར་གྱུར་བའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་(Wang Yi)་ཕྱི་ཟླ་༣་ཚེས་༢༠་སྟེ་རེས་གཟའ་ལྷག་པའི་ཉིན་ཡུལ་དེའི་རྒྱལ་ས་ཁེན་བྷ་རར་ཡོང་གཏན་འཁེལ་བར་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར་ཡོད་པ་སིཌ་ནི་བོད་རིགས་སྤྱི་མཐུན་ཚོགས་པས་ཕྱི་ཚེས་༡༥་ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་འདུག་ལ། གསལ་བསྒྲགས་ནང་གསལ་ལྟར་ན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་ཕྱི་ཚེས་༢༠་ཉིན་ཨོསི་ཊརེ་ལི་ཡའི་རྒྱལ་ས་ཁེན་བྷ་རར་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྤེལ་ཐབས་ཆེད་ཡོང་གི་ཡོད་པར། ཁེན་བྷ་ར་དང་སིཌ་ནི་བོད་རིགས་མཐུན་ཚོགས་གཉིས་ཀྱིས་ཕྱི་ཚེས་༢༠ཉིན་ཡུལ་དེའི་གྲོས་ཚོགས་ཀྱི་མདུན་ཐང་དང་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པ་གསལ་འདུག
ཡང་ཨོསི་ཊརེ་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་ཡུལ་དེའི་ཕྱི་སྲིད་བློན་ཆེན་(Penny Wong)་ལགས་སུ་ཝང་ཡིས་བདུན་ཕྲག་འདིའི་ནང་ཨོསི་ཊརེ་ལི་ཡའི་(Australia)་ནང་འབྱོར་སྐབས། བོད་ནང་གི་ད་ལྟའི་གནས་སྟངས་སྡུག་པོ་ཡོད་པ་དེ་གལ་ཆེའི་གནད་དོན་དུ་ངོས་འཛིན་གྱིས་གྲོས་བསྡུར་གནང་རྒྱུའི་གོ་སྐབས་ཡག་པོ་ཞིག་ཡིན་པས་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཐད་གླེང་སློང་གནང་རོགས་ཞེས་ཕྱག་བྲིས་ཤིག་ཕུལ་ཏེ་འབོད་སྐུལ་ཞུས་ཡོད་འདུག
དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་ཡུལ་དེའི་ཕྱི་སྲིད་བློན་ཆེན་ལ་ཕུལ་བའི་ཞུ་ཡིག་ནང་དོན་ཚན་བཞི་ཡོད་པ་ནི། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་དང་། སྡེ་དགེ་རྫོང་ཁོངས་ནས་བོད་མི་འཛིན་བཟུང་བྱས་པ་རྣམས་གློད་དགོས་པ། རྒྱ་ནག་གཞུང་གིས་བོད་ནང་དུ་གསར་འགོད་པ་སོགས་ལྟ་ཞིབ་པ་བསྐྱོད་འཇུག་དགོས། བོད་རྒྱ་འབྲེལ་མོལ་གྱི་ལམ་ནས་བོད་དོན་དཀའ་རྙོག་སེལ་རྒྱུའི་ཐད་སྐུལ་མ་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག
ཝང་ཡིས་ད་རེས་ཨོསི་ཊརེ་ལི་ཡར་ལྟ་སྐོར་ལ་ཡོང་གི་ཡོད་པ་ནི། ཕྱི་ལོ་༢༠༡༧ལོ་དང་ལྷག་པར་ཏོག་དབྱིབས་ནད་ཡམས་རྒྱ་ནག་ནས་ཐོག་མར་འཛམ་གླིང་གི་ས་གནས་གང་སར་ཁྱབ་གདལ་བྱུང་བའི་རྗེས་སུ། རྒྱ་ནག་གི་དཔོན་རིགས་ཤིག་ཨོསི་ཊརེ་ལི་ཡའི་ནང་ཐེངས་དང་པོ་ཡོང་གཏན་འཁེལ་བར་སོང་། (Australia Tibet Council)་ཞེས་པའི་ཨོསི་ཊརེ་ལི་ཡའི་བོད་དོན་ཚོགས་པས་ད་རེས་ཝང་ཡིས་ཨོསི་ཊརེ་ལི་ཡར་ཡོང་བའི་དུས་སྐབས་འདི་ནི། ཡུལ་དེའི་ཕྱི་སྲིད་བློན་ཆེན་དང་ཚོང་དོན་བློན་ཆེན་ལ་རྒྱ་ནག་དང་འབྲེལ་ལམ་བྱེད་དུས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བློས་གཏོང་གིས་ཚོང་འབྲེལ་བྱེད་རྒྱུ་མེད་པ་མིག་སྟོན་བྱ་རྒྱུའི་གོ་སྐབས་ཤིག་རེད་ཅེས་བསྒྲགས་འདུག
ཨོསི་ཊརེ་ལི་ཡ་གཞུང་གིས་དེ་སྔ་༢༠༢༤ཟླ་༡ཚེས་༢༣ཉིན་རྒྱལ་ཚོགས་ཀྱི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་༤པ་གནང་པའི་སྐབས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་ཐད་རྒྱ་ནག་གཞུང་ལ་གླེང་སློང་དང་རྒྱབ་གཉེར་བྱས་ཡོད་པ་བཞིན། ད་རེས་་ཡུལ་དེའི་ཕྱི་སྲིད་བློན་ཆེན་(Penny Wong)་དང་ཚོང་དོན་བློན་ཆེན་(Don Farrell)་རྣམ་གཉིས་ཀྱིས་གོ་སྐབས་དམ་འཛིན་གྱིས་བོད་ནང་གི་གནད་དོན་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་ཚབས་ཆེ་གཏོང་བཞིན་པ་ཁག་གི་སྐོར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་ལ་ཐད་ཀར་གྲོས་མོལ་སྐབས་གླེང་སློང་དགོས་པའི་དགོས་འདུན་ཡང་བཏོན་གནང་འདུག
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨོསི་ཊརེ་ལི་ཡའི་ཕྱི་སྲིད་དང་ཚོང་དོན་ལས་ཁུངས་སུ་ཡིག་ཐོག་འབྲེལ་ལམ་ཞུས་ཏེ། ཨོསི་ཊརེ་ལི་ཡ་གཞུང་གིས་ཝང་ཡིས་དང་མཇལ་མོལ་གནང་སྐབས་བོད་ནང་གི་གནད་དོན་སྤྱི་དང་། ལྷག་པར་ཉེ་ལམ་ཕྱི་ཟླ་༢ཚེས་༡༤རྗེས་སུ་སྡེ་དགེ་རྫོང་ཁོངས་ཀྱི་མི་མང་དང་དགོན་ཁག་བཅས་ཀྱི་མི་གྲངས་༢༠༠༠ལྷག་རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་གྱི་ཆུ་མཛོད་འཛུགས་སྐྲུན་ཆེད་གནས་གཞན་དུ་སྤོར་དགོས་པའི་བཙན་བཀའ་བཏང་པར་མི་མང་གིས་ངོ་རྒོལ་བྱས་པའི་ཐད་གླེང་སློང་བྱེད་རྒྱུ་ཡིན་མིན་བཀའ་དྲི་ཞུས་པར། དེའི་སྐོར་ལྟ་ཞིབ་བྱས་ཏེ་ལན་འདེབས་གནང་རྒྱུ་ཡིན་པ་གསུངས་བྱུང་པས། ངང་སྒུག་ཞུ་བཞིན་ཡོད།
ཨོསི་ཊརེ་ལི་ཡའི་ཕྱི་སྲིད་དང་ཚོང་དོན་ལས་ཁུངས་ཀྱི་མགྲིན་ཚབ་པས། ཉེ་ལམ་ཕྱི་ཟླ་༣ཚེས་༨ ཉིན་འདི་ག་རླུང་འཕྲིན་ཁང་ལ་ཡིག་ཐོག་ལན་འདེབས་གསལ་བཤད་གནང་པའི་ནང་། སྡེ་དགེ་རུ་བོད་མི་ཞི་བའི་ངོ་རྒོལ་བྱེད་མཁན་འཛིན་བཟུང་བྱས་པའི་ཞིབ་ཕྲའི་གནས་ཚུལ་ཐོན་བཞིན་པའི་ཐད་བློ་ཚབས་ཡོད་པ་དང་། ཞི་བའི་ཐོག་ནས་ངོ་རྒོལ་ཞུ་འབོད་བྱེད་རྒྱུའི་ཐོབ་ཐང་འགན་སྲུང་དགོས་པ་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་ཡོད་པ་ལྟར། ང་ཚོས་རྒྱ་ནག་གཞུང་ལ་སྨྲ་བརྗོད་དང་འདུ་འཛོམས་ངོ་རྒོལ་གྱི་ཐོབ་ཐང་ཁག་ལ་བརྩི་སྲུང་དགོས་པའི་དགོས་འདུན་འདོན་རྒྱུ་ཡིན་ཞེས་བཀོད་འདུག
ཨོསི་ཊརེ་ལི་ཡ་གཞུང་གིས་བོད་ནང་ཞི་བའི་སྒོ་ནས་ཆབ་སྲིད་ཀྱི་ལྟ་བ་གསལ་སྟོན་བྱེད་མཁན་འཛིན་བཟུང་བྱེད་བཞིན་པ་ཐེ་བའི་བོད་ནང་གི་གི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཡོངས་ཀྱི་གནས་བབས་ཐད་སེམས་འཚབ་ཡོད་པ་ཁ་གསལ་གྱི་ཐོག་ནས་གླེང་སློང་བྱེད་བཞིན་ཡོད་ལ། ད་དུང་གནད་དོན་འདི་དག་ཐད་རྒྱ་ནག་གཞུང་དང་ཐད་ཀར་དང་རྒྱལ་སྤྱིའི་གླེང་སྟེགས་མི་འདྲ་བའི་ཐོག་ངེས་པར་གླེང་སློང་བྱེད་རྒྱུ་ཡིན་པ་གསུངས་འདུག་ལ་སྨྲ་བརྗོད་དང་འདུ་འཛོམས་ངོ་རྒོལ་གྱི་ཐོབ་ཐང་ཁག་ལ་བརྩི་སྲུང་དགོས་པའི་དགོས་འདུན་འདོན་རྒྱུ་ཡིན་ཞེས་བཀོད་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།