ཨོསི་ཊརེ་ལི་ཡ་གཞུང་གིས་སྡེ་དགེ་གཙོས་ད་ལྟའི་བོད་ནང་གི་གནས་སྟངས་ལ་བློ་ཚབས་གནང་བཞིན་འདུག

2024.03.08
ཨོསི་ཊརེ་ལི་ཡ་གཞུང་གིས་སྡེ་དགེ་གཙོས་ད་ལྟའི་བོད་ནང་གི་གནས་སྟངས་ལ་བློ་ཚབས་གནང་བཞིན་འདུག རྒྱ་ནག་གི་ཉེན་རྟོག་པས་ཁམས་སྡེ་དགེ་རྫོང་ཁོངས་དབོན་སྟོད་ཁུལ་དུ་བོད་མི་ཚོ་འཛིན་བཟུང་སྐབས། ༠༢།༢༢།༢༠༢༤
བོད་འབྱོར། མི་སེར་གསར་འགོད་པ།

ཉེ་བའི་ཆར་ཁམས་སྡེ་དགེ་རྫོང་ཁོངས་ཀྱི་འབྲི་ཆུའི་རྒྱུད་དུ་རྒྱ་ནག་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་གི་ལས་གཞིའི་འཛུགས་བསྐྲུན་ལ་དབོན་པོ་སྟོད་ཁུལ་གྱི་བོད་མི་ཚོས་ཞི་བའི་ངོ་རྒོལ་དང་ཞུ་འབོད་བྱས་རྗེས་རྒྱ་ནག་གི་ཉེན་རྟོག་པས་བོད་མི་ཆིག་སྟོང་ལྷག་འཛིན་བཟུང་བྱས་བའི་གནས་སྟངས་ཐད། ཨོསི་ཊརེ་ལི་ཡའི་གཞུང་གིས་བློ་ཚབས་དང་མཉམ། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྤྱི་དང་། ལྷག་པར་དུ་ཞི་བའི་སྒོ་ནས་ཆབ་སྲིད་ཀྱི་བསམ་ཚུལ་སྤེལ་མཁན་བོད་མི་ཚོའི་ཐོབ་ཐང་སྲུང་སྐྱོབ་དགོས་པ་གསུངས་བྱུང་།
ཕྱི་ཟླ་༣ཚེས་༨ཉིན་ཨོསི་ཊརེ་ལི་ཡའི་(Australia)་ཚོང་ལས་སྡེ་ཚན་གྱི་མགྲིན་ཚབ་པ་ཞིག་གི་མིང་ཐོག་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཡིག་ཐོག་བཀའ་ལན་གནང་འབྱོར་བྱུང་བའི་ནང་། སི་ཁྲོན་ཁུལ་དུ་རྒྱ་ནག་གིས་ཆུ་མཛོད་གློག་ཁང་རྒྱག་རྒྱུའི་གནད་དོན་དང་འབྲེལ་ནས་བོད་མི་ཞི་བའི་ངོ་རྒོལ་བྱེད་མཁན་འཛིན་བཟུང་བྱས་པའི་ཞིབ་ཕྲའི་གནས་ཚུལ་ཐོན་བཞིན་པའི་ཐད་བློ་ཚབས་ཡོད། ཞི་བའི་ཐོག་ནས་ངོ་རྒོལ་ཞུ་འབོད་བྱེད་རྒྱུའི་ཐོབ་ཐང་འགན་སྲུང་དགོས་པ་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་ཡོད་པ་ལྟར། ང་ཚོས་རྒྱ་ནག་གཞུང་ལ་སྨྲ་བརྗོད་དང་འདུ་འཛོམས་ངོ་རྒོལ་གྱི་ཐོབ་ཐང་ཁག་ལ་བརྩི་སྲུང་དགོས་པའི་དགོས་འདུན་འདོན་རྒྱུ་ཡིན་ཞེས་བཀོད་འདུག
ཕྱི་ཟླ་༢ཚེས་༢༢དང་༢༣སོ་སོར་ཁམས་སྡེ་དགེ་དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་བསྟན་འཛིན་ལ་སོགས་དགོན་པའི་དགེ་འདུན་པ་དང་། དེ་བཞིན་ས་ཁུལ་དེའི་ལས་བྱེད་པ་རྟ་མགྲིན་ལགས་སོགས་ཁྱོན་མི་གྲངས་༡༠༠༠ཙམ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་གནས་ཚུལ་ལ་ཨ་རི་དང་ཁེ་ན་ཌ་སོགས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་ཡོད་པ་རེད།
ཨོསི་ཊརེ་ལི་ཡ་གཞུང་གིས་བོད་ནང་ཞི་བའི་སྒོ་ནས་ཆབ་སྲིད་ཀྱི་ལྟ་བ་གསལ་སྟོན་བྱེད་མཁན་འཛིན་བཟུང་བྱེད་བཞིན་པ་ཐེ་བའི་བོད་ནང་གི་གི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཡོངས་ཀྱི་གནས་བབས་ཐད་སེམས་འཚབ་ཡོད་པ་ཁ་གསལ་གྱི་ཐོག་ནས་གླེང་སློང་བྱེད་བཞིན་ཡོད་ལ། ད་དུང་གནད་དོན་འདི་དག་ཐད་རྒྱ་ནག་གཞུང་དང་ཐད་ཀར་དང་རྒྱལ་སྤྱིའི་གླེང་སྟེགས་མི་འདྲ་བའི་ཐོག་ངེས་པར་གླེང་སློང་བྱེད་རྒྱུ་ཡིན་པ་གསུངས་འདུགགཞུང་ལ་སྨྲ་བརྗོད་དང་འདུ་འཛོམས་ངོ་རྒོལ་གྱི་ཐོབ་ཐང་ཁག་ལ་བརྩི་སྲུང་དགོས་པའི་དགོས་འདུན་འདོན་རྒྱུ་ཡིན་ཞེས་བཀོད་འདུག
སྡེ་དགེ་ཕྱོགས་ཀྱི་ཛ་དྲག་གི་གནས་ཚུལ་དང་འབྲེལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་གི་བྱེད་སྟངས་ལ་སྐྱོན་བརྗོད་གནང་ཡོད་པ་དང་། དེ་བཞིན་ཨ་རི་དང་ཁེ་ཎ་ཌའི་ཕྱི་སྲིད་ལས་ཁུངས། བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་དང་བསྒྲགས་གཏམ་སྤེལ་བ་དང་འབྲེལ། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཨ་རི་དང་ཡོ་རོབ་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་ནང་གི་རྒྱ་ནག་གཞུང་ཚབ་མདུན་གཙོས་ས་གནས་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ་དང་། རྒྱ་གར་རྡ་རམ་ས་ལ་དང་། ལ་དྭགས། རྒྱ་གར་ལྷོ་ཕྱོགས་སོགས་ས་གནས་མང་པོར་བོད་མི་ཚོགས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

* སྡེ་དགེ་དང་འབྲེལ་བའི་དེའི་སྔོན་གྱི་གནས་ཚུལ་ཁག ཟླ་གཉིས་བའི་ཚེས་༡༤ ཚེས་༢༠ ཚེས་༢༢ ཚེས་༢༤ ཚེས་༢༥ ཚེས་༢༧

གསར་འགོད་པ། བསྟན་འཛིན་པདྨ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎