སྲིད་སྐྱོང་ཁྱད་མཁས་ཚོང་པའི་གཟེངས་རྟགས་དང་མ་དངུལ་རོགས་སྐྱོར་གཟེངས་རྟགས་གཉིས་གསར་གཏོད་གནང་རྒྱུ་ཡིན་འདུག
དེ་ཡང་འདི་ཚེས་༢༥ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་གཉིས་ཀྱིས་སྲིད་སྐྱོང་ཁྱད་མཁས་ཚོང་པའི་གཟེངས་རྟགས་ལས་གཞི་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། བཀའ་ཤག་གི་ལྟ་གྲུབ་གསུམ་ལས་རང་ཁ་རང་གསོ་ཡོང་བར། དཔལ་འབྱོར་གལ་ཆེན་པོ་ཆགས་ཡོད་པ་དང་། ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་ནང་ཞིང་འབྲོག་གི་འཚོ་བ་སྐྱེལ་མཁན་བརྒྱ་ཆ་༢༦.༤ཡོད་པ་ལས། དེའི་དཔལ་འབྱོར་ཡོང་འབབ་ཀྱི་བརྒྱ་ཆ་༨.༥ཆགས་ཡོད་སྐོར་དང་། ཚོང་ལས་ཀྱི་འཚོ་བ་སྐྱེལ་མཁན་བརྒྱ་ཆ་༢༧.༣ཡོད་པ་ལས། དེའི་ཡོང་འབབ་ཀྱི་བརྒྱ་ཆ་༤༡ ཆགས་ཡོད་པས། བོད་མིའི་སྤྱི་ཚོགས་ནང་ཚོང་ལས་ཀྱི་ཐོག་ནས་འཚོ་བ་སྐྱེལ་མཁན་མང་པོ་ཡོད་པར་བརྟེན། མ་འོངས་པར་བོད་མིའི་སྤྱི་ཚོགས་ནང་སྤྱི་སྒེར་ཚང་མར་ཕན་ཐོགས་པ་དང་། འཆར་གཞི་དང་དམིགས་ཡུལ་ཚད་ལྡན་ཡོད་པའི་ཚོང་པ་གསོ་སྐྱོང་ཡོང་ཐབས་བྱ་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་སྐོར་གསུངས་པ་དང་སྦྲགས་ཚོང་ལས་ཐོག་ལས་འཆར་དང་། དམིགས་ཡུལ་ཡག་པོ་ཡོད་མཁན། སྤྱི་ཚོགས་ལ་ཕན་ཐོགས་ཡོད་མཁར་ཚོར། དཔལ་འབྱོར་གྱི་མ་རྩའི་མཐུན་རྐྱེན་སྦྱར་རྒྱུའི་བསམ་བློ་ཡོད་སྐོར་སོགས་འགྲེལ་བརྗོད་གནང་འདུག དེ་རྗེས་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་དེ་སྒྲོགས་སྦྱང་གནང་བའི་ནང་འཁོད་དོན། བོད་མིའི་ཚོང་ལས་ཡར་རྒྱས་རམ་འདེགས་ཚན་པ་དང་། ཁེ་ཎ་ཊར་ཡོད་པའི་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་གཉིས་ཀྱིས། གསར་གཏོད་ཀྱི་རྣམ་པའི་ཐོག་ནས་སྲིད་སྐྱོང་ཁྱད་མཁས་ཚོང་པའི་གཟེངས་རྟགས་༢༠༡༥ཞེས་པར་ཧིན་སྒོར་འབུམ་༢༡དང་། ཁྱད་མཁས་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་ཞེས་པར་ཧིན་སྒོར་འབུམ་༡༥འབུལ་རྒྱུའི་གསལ་བརྡ་གཏོང་གི་ཡོད་པ་དང་། འཛུལ་ཞུགས་པའི་དབར་ཚོང་ལས་རིག་གསར་འགྲན་བསྡུར་གྱིས། གཟེངས་རྟགས་ཐོབ་མཁན་ཚོ་ལོ་འདིའི་ཕྱི་ཟླ་དགུ་པའི་ནང་ཡོངས་ཁྱབ་གསལ་བསྒྲགས་གནང་འཆར་ཡོད་སྐོར་འཁོད་འདུག ལས་གཞི་འདིར་ཞུགས་འདོད་ཡོད་མཁན་ཚོས་ཕྱི་ཟླ་༧པའི་ཚེས་༣༡མ་འགྱངས་བར། གློག་འཕྲིན་ཁ་བྱང་ted@tibet.netཔ་བརྒྱུད་འབྲེལ་ཡོད་ལས་ཁུངས་སུ་སྙན་ཞུ་ཕུལ་དགོས་སྐོར་སོགས་གསལ་བསྒྲགས་གནང་འདུག
གསར་འགོད་པ་ཀརྨ་རྒྱ་མཚོ།
ཡང་དེའི་སྐོར་ང་ཚོའི་བཞུགས་སྒར་དྷ་རམ་ས་ལའི་གསར་འགོད་པ་བློ་བྷེ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།།