ཡུལ་མི་ཁྲི་ཚོ་བརྒལ་བར་བོད་དོན་དྲིལ་བསྒྲགས་གནང་འདུག
2014.04.30
སུད་སེ་གྲོང་ཁྱེར་ཛུད་རིག་གི་བོད་མི་ཚོ་ཡུལ་དེའི་དུས་སྟོན་ཞིག་ལ་མཉམ་ཞུགས་གནང་ནས་ཡུལ་མི་ཁྲི་ཚོ་བརྒལ་བར་བོད་དོན་དྲིལ་བསྒྲཊ་གནང་འདུག
དེ་ཡང་ཚེས་༣༠ཉིན་འདི་ག་རླུང་འཕྲིན་ཁང་ལ་སུད་སི་ནས་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། སུད་སི་གྲོང་ཁྱེར་ཛུད་རིག་ཏུ་ཚོགས་བཞིན་པའི་Sechseläutenཞེས་པའི་དུས་སྟོན་ཆེན་མོའི་ཐོག་ཚེས་༢༨རེས་གཟའ་ཟླ་བའི་ཉིན་སུད་སི་ས་གནས་བོད་རིགས་འཐུས་ཚོགས་ཀྱིས་གོ་སྒྲིག་འོག་བོད་ཀྱི་གཞས་སྣ་འཁྲབ་སྟོན་དང་། བོད་ཟས་ཚོང་སྒྱུར་གནང་བ་སོགས་བརྒྱུད་དེ་དུས་སྟོན་ནང་མཉམ་ཞུགས་གནང་ཡོད་པ་རེད། གོང་གསལ་དུས་སྟོན་སྐབས་སུད་སི་དང་། ལིཀ་ཏེན་སིཊཡན་བོད་རིགས་མི་མང་འཐུས་ཚོགས་ཀྱིས་འཐུས་མི་ཤྭ་བ་ཚེ་རིང་དོན་གྲུབ་དང་། རྡོ་ཆུང་མགོན་པོ་རྣམ་རྒྱལ་ལགས་གཉིས་ཀྱིས་འགན་ཁུར་དང་འབྲེལ་ས་གནས་འཐུས་ཚོགས་ཀྱི་ཟློས་གར་རྔ་རོལ་བ་རྣམས་ཀྱི་སྣེ་ཁྲིད་དེ་ས་གནས་ཁག་གི་བོད་རིགས་ཕྲུ་གུ་ཉི་ཤུ་རྩ་ལྔ་ནས་ཁྲོམ་བསྐོར་འདིར་མཉམ་ཞུགས་གནང་བ་དང་། དེ་བཞིན་རི་ཀོན་མཁན་རིན་པོ་ཆེ། ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལཊ། ཚོགས་གཞོན་བསམ་པ་དོན་གྲུབ་ལཊ་བཅས་ཀྱིས་དཀར་གཙང་མཇལ་དར་སྒྲོན་པའི་ཐོག་ས་གནས་ཀྱི་བོད་མི་གང་མང་མཉམ་ཞུགས་གནང་སྟེ་དུས་སྟོན་སྐབས་བོད་ཀྱི་རྒྱལ་གླུ་དང་བདེན་ཚིག་སྨོན་ལམ་གསུངས་འདོན་གནང་ཞིང་། ཁྲོམ་གཞུང་དུ་ས་གནས་ཡུལ་མི་ཁྲི་ཚོ་ལྷག་གིས་དགའ་ཚོར་དང་བཅས་རྒྱབ་སྐྱོར་གྱི་རྣམ་པ་གསལ་འདོན་གནང་པ་དང་། བོད་མིའི་ངོ་བོ་མཚོན་བྱེད་ཀྱི་ལས་དོན་གང་ལེགས་བྱུང་སྐོར་འགྲེལ་བརྗོད་གནང་འདུག Sechseläutenཞེས་པའི་ཛུད་རིག་གྲོང་ཁྱེར་རུ་ཁྲོམ་བསྐོར་གྱི་དུས་སྟོན་ཆེན་མོ་འདིའི་ནང་ཚོགས་སྡེ་དང་། རྒྱལ་ཁབ་༤༠སྐོར་གྱི་ཕྲུ་གུ་༢༠༠༠བརྒལ་བ་མཉམ་ཞུགས་ཐོག་མི་མང་ཁྲི་ལྷག་གིས་ལོ་ལྟར་འཛོམས་ཀྱི་ཡོད་པ་རེད་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།