བོད་དང་སོག་པོ་རང་གི་ལོ་རྒྱུས་སྨྲ་བ་ཚོས་བྲིས་པའི་བོད་སོག་འབྲེལ་བའི་ལོ་རྒྱུས་ཁག་ཕན་ཐོགས་ཆེན་པོ་འདུག སྲིད་སྐྱོང་མཆོག་གིས།
བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་རུ་སོག་དོན་གཅོད་ཁང་། ཏེ་ལོ་རིན་པོ་ཆེའི་བླ་བྲང་བཅས་ཐུན་མོང་གིས་གོ་སྒྲིག་གནང་སྟེ། སྤྱི་ཟླ་༤པའི་ཚེས་༡ནས་༢་བར་ཉིན་གྲངས་གཉིས་ཀྱི་རིང་། བཞུགས་སྒར་དུ་བོད་སོག་འབྲེལ་ལམ་ཚོགས་འདུ་ཞིག་བསྐོངས་ཚོགས་གནང་བའི་སྟེང་། སོག་ཡུལ་གྱི་སློབ་དཔོན་ཆེན་མོ་དང་མཁས་པ་ཁག་ཅིག་ཕེབས་པ་དང་མཚུངས་སུ། བོད་རིགས་སློབ་དཔོན་ཆེན་མོ་དང་དགེ་བཤེས་ལྷ་རམས་པ་སོགས་མཁས་པ་ཁག་ལྷན་འཛོམས་ཀྱིས། དུས་རབས་ཉི་ཤུའི་ནང་བོད་སོག་བར་འབྲེལ་ལམ་ཆད་པའི་རྒྱུ་རྐྱེན་དང་བསྐྱར་གསོ་ཡོང་བའི་བརྒྱུད་རིམ། མ་འོངས་འཕེལ་ཕྱོགས་དང་འབྲེལ་བའི་དཔྱད་རྩོམ་སྒྲོག་སྦྱངས་བཅས་གནང་ཡོད་ཅིང་། སྤྱི་ཟླ་༤པའི་ཚེས་༢ཉིན་མཇུག་བསྡོམས་མཛད་སྒོའི་སྟེང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཆེད་ཕེབས་གནང་སྟེ། བོད་དང་སོག་པོ་རང་གི་ལོ་རྒྱུས་སྨྲ་བ་ཚོས་བྲིས་པའི་བོད་སོག་འབྲེལ་བའི་ལོ་རྒྱུས་ཁག་བྲིས་པ་རྣམས་ལ་རྒྱུ་མཚན་ཆེན་པོ་ཡོད་པ་དང་། འཛམ་གླིང་ལ་ང་ཚོ་རྒྱལ་ཁབ་གཉིས་ཀའི་ལོ་རྒྱུས་ཀྱི་ལྟ་སྟངས་རྒྱ་ནག་དང་མི་འདྲ་བ་བསྟན་ཐུབ་པ་མ་ཟད། བོད་སོག་གི་ལོ་རྒྱུས་རྒྱ་ནག་གཞུང་གིས་འཁྱོག་བཤད་བྱས་པར་ལན་འདེབས་ལ་ཕན་ཐོགས་ཡོད་པ་དང་། དེང་སང་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་དྲི་བ་འདྲི་སྐབས། རྒྱ་ནག་གིས་རྒྱལ་སྤྱིའི་སྟེང་བཙན་བྱོལ་བོད་གཞུང་དང་བོད་ཀྱི་ལོ་རྒྱུས་ངོས་ལེན་བྱེད་མཁན་སུ་གཅིག་མེད་ཅེས་བཤད་དེ། ཁོ་རང་ཚོའི་བདག་དབང་ཁུངས་སྐྱེལ་བྱེད་ཐབས་བྱེད་བཞིན་པ་ཡིན་པས། ང་ཚོའི་ལས་ཀ་ནི་རྒྱ་ནག་གི་འཁྱོད་བཤད་དག་ལ་ཁ་གཏད་བྱེད་དགོས་པ་དེ་རེད་ཅེས་གསལ་སྟོན་གནང་གི་འདུག
སོག་པོའི་དགེ་རྒན་ཆེན་མོ་(BatIreeduiJantsan)་ལགས་ནས། ཁོང་གིས་བོད་སོག་གཉིས་ཀྱི་བར་སྲོལ་རྒྱུན་གྱི་འབྲེལ་བ་ཧ་ཅང་ཟབ་པོ་དང་། བོད་ཡིག་ནས་སོག་ཡིག་ཏུ་རིག་གཞུང་སྣ་མང་ཕབ་སྒྱུར་གནང་ཡོད་པའི་མུར། སོག་རིགས་གྲྭ་བ་དང་མཁས་པ་མང་པོས་བོད་ཡིག་ནང་གསུང་འབུམ་འབོར་ཆེན་བཞག་ཡོད་པ་ཁག་གིས། གཞོན་སྐྱེས་ཚོར་ཕན་ཐོགས་ཆེན་པོ་དང་འབྱུང་འགྱུར་ང་ཚོ་ཕན་ཚུན་དབར་མཉམ་ལས་དང་བརྗེ་རེས་ཡག་པོ་ཡོང་རེ་ཡོད་པ་འགྲེལ་བརྗོད་གནང་གི་འདུག
དགེ་བཤེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས་ལགས་ནས། ཁོང་གིས་སོག་པོ་དང་སེར་བྱེས་གྲྭ་ཚང་གི་འབྲེལ་བའི་སྐོར་ད་རེས་བཤད་ཡོད་པ་དང་། གལ་ཆེ་བ་ཞིག་ནི་དུས་རབས་ཉི་ཤུ་བ་ཚུན་གྱི་བོད་དང་སོག་པོའི་དབར་གྱི་ལོ་རྒྱུས་ཀྱི་འབྲེལ་བ་དེ། བོད་སོག་མཉམ་རུབ་ཀྱིས་རྩོམ་སྒྲིག་ཅིག་བྱ་ཐུབ་ན་ཞེས་བཤད་ཡོད་པ་འགྲེལ་བརྗོད་གནང་སོང་།
རུ་སོག་དོན་གཅོད་ཏེ་ལོ་རིན་པོ་ཆེ་ལགས་ཀྱིས་བོད་སོག་འབྲེལ་བའི་སྐོར་དུས་རབས་ཉི་ཤུའི་ནང་བར་དུ་གནས་ཚུལ་གང་འཚམས་ཡོད་ནའང་། དུས་རབས་ཉི་ཤུའི་ནང་ནས་འབྲེལ་ལམ་ཆད་པའི་གནས་ཚུལ་གྱི་སྟོང་ཆ་དེ་ང་ཚོས་བསྐང་དགོས་པ་མང་པོ་འདུག་པས། ཕན་ཚུན་གཉིས་ཀས་ཉམས་ཞིབ་དང་ཞིབ་འཇུག་བྱ་དགོས་པ་མང་པོ་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
རུ་སོག་དོན་གཅོད་ཏེ་ལོ་རིན་པོ་ཆེ་ལགས་དང་སོག་རིགས་མཁས་པ་ཚོས། སོག་ཡུལ་གྱི་དཔེ་མཛོད་དང་ཡིག་ཆ་ཉར་ཚགས་བྱས་པ་ཁག་གི་ནང་། བོད་ནང་བོར་བརླག་སོང་བའི་བོད་ཡིག་གི་དཔེ་ཆ་དཀོན་པོ་མང་པོ་ཞིག་ཡོད་པས། བོད་རིག་པ་ཉམས་ཞིབ་པ་ཚོ་སོག་ཡུལ་དུ་ཡོང་སྟེ་ཉམས་ཞིབ་བྱ་དགོས་པའི་ཆོས་སྲིད་གཉིས་དང་འབྲེལ་བའི་ཡིག་རིགས་ཧ་ཅང་མང་པོ་ཡོད་པར་དོ་སྣང་བྱ་དགོས་པའང་གསལ་སྟོན་གནང་སོང་།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།