རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་བྱས་ནས་བོད་མི་ཚོར་ཕྱོགས་མང་པོ་ནས་དཀའ་ངལ་འཕྲད་བཞིན་འདུག
2020.06.12
བོད་ནང་རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་བྱས་ནས་བོད་མི་ཚོར་ལས་ཀ་འཚོལ་བ་དང་སྨན་བཅོས་ཤེས་ཡོན་བཅས་ཀྱི་ཐོག་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད་འདུག
ཨ་མི་རི་ཀའི་རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤྱི་ཚེས་༡༡་ཉིན་སྙན་ཐོ་བཏོན་པའི་ནང་། བོད་ནང་གི་དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་དང་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་བཅས་སུ། ཉེན་རྟོག་པ་བསྡུ་ལེན་གྱི་སྐབས་ཆེད་དུ་ཆ་རྐྱེན་བཞག་ཡོད་པ་ནི། ཁ་བྲལ་གྱི་ལས་འགུལ་ནང་ཞུགས་མཁན་དང་ནང་མི་སུ་རུང་ཕྱི་རྒྱལ་དུ་ཁྲིམས་འགལ་གྱིས་ཕྱིན་པའི་རིགས་སོགས། ཉེན་རྟོག་པའི་ནང་བསྡུ་ལེན་མི་བྱེད་པའི་ཆ་རྐྱེན་བཞག་ཡོད་པ་འཁོད་འདུག་ཅིང་། དེའི་ཐད་རྒྱ་གར་ནང་གནས་སྡོད་ཆབ་མདོ་ས་ཁུལ་གྱི་བོད་མི་མིང་བརྗོད་འདོད་མེད་པ་ཞིག་གིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ཁོང་གི་སྤུན་ཆུང་བར་ལམ་རྒྱ་ནག་གི་ཉེན་རྟོག་པའི་ནང་ཞུགས་རྩིས་བྱས་པར། ཁོ་རང་རྒྱ་གར་ནང་ཡོད་པ་ཙམ་གྱིས་སྤུན་ཆུང་ཉེན་རྟོག་པའི་ནང་ཚུད་མེད་པ་འགྲེལ་བརྗོད་གནང་སོང་།
ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྙན་ཐོ་དེའི་ནང་འཁོད་པ་གཞིར་བཟུང་ན། བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་གཞུང་ཞབས་ལས་ཀ་འཚོལ་མཁན་ཚོས། ༧རྒྱལ་བ་རིན་པོ་ཆེར་ཡོངས་གྲགས་སྐྱོན་བརྗོད་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་གསལ་བོ་དགོས་པའི་ཆ་རྐྱེན་བཏོན་ཡོད་པ་སོགས་འཁོད་འདུག་ཅིང་། བོད་ནང་གི་བོད་མི་ཚོར་ཚོང་ཁང་དང་སྨན་ཁང་། གཞུང་གི་ལས་ཁུངས་བཅས་སུ་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་འོག་མི་མང་གིས་དཀའ་སྡུག་མྱོང་བཞིན་པ། ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ནས་འགྲེལ་བརྗོད་གནང་བ་དང་མཉམ། བོད་ནང་འགྲོ་འདུག་རང་དབང་གི་ཐོག་ནས་ཀྱང་རྒྱ་ནག་གཞུང་གིས་བོད་མི་ཚོར་དབྱེ་འབྱེད་རབ་དང་རིམ་པར་བྱས་ནས། བོད་མི་ཚོས་ལས་ཀ་གང་འདྲ་ཞིག་བྱས་ཀྱང་ཆབ་སྲིད་ཀྱི་ཞྭ་མོ་སྣ་ཚོགས་གཡོག་བཞིན་པ་འགྲེལ་བརྗོད་གནང་འདུག
འདི་ཚེས་༡༡་ཉིན། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་སྲོལ་ཡིག་དང་འབྲེལ་བའི་གསལ་བསྒྲགས་ཡིག་ཆའི་ནང་དུ་ཡང་། དབང་པོ་སྐྱོན་ཅན་ལས་ཀ་འཚོལ་མཁན་ཚོས་ངེས་པར་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་དགོས་པ་དང་། དམར་ཤོག་ཚོགས་པའི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུ་དགོས་པ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་གཙང་མ་དགོས་བ་མ་ཟད། ཁ་བྲལ་ལ་ངོ་རྒོལ་དང་། ཏཱ་ལའི་བླ་མ་དང་དེའི་ཤོག་ཁག་ཐེར་འདོན་དགག་རྒྱག་བྱེད་པ་སོགས་ཀྱི་ཆ་རྐྱེན་བཞག་འདུག
ཡང་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ཞི་བདེ་ཟླ་བ་ལགས་ཀྱིས། ཉེ་ཆར་ཁམས་འདབ་པ་རྫོང་མི་མང་སྲིད་གཞུང་གིས། བོད་མི་ཞིག་དམག་དཔུང་ནང་འཛུལ་ཞུགས་བྱེད་དགོས་ན། བོད་དོན་ལས་འགུལ་ནང་ཞུགས་མྱོང་མཁན་མ་ཡིན་པ་སོགས་ཀྱི་དགོས་འདུན་བཏོན་ཡོད་པ་དང་། ལྷག་པར་ཁྲིན་ཏུའུ་རུ་བཟོ་གྲྭ་དེ་འདྲའི་ནང་བོད་མི་དང་ཡུ་གུར་མི་རིགས་འཛུལ་ཞུགས་མི་ཆོག་པ་སོགས་བཏོན་པ་ནི། རྒྱ་ནག་རང་གི་ཁྲིམས་དང་འགལ་བ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་གིས་བོད་ནི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་པར་བཤད་མཁན་དང་། ༧རྒྱལ་བ་རིན་པོ་ཆེར་དད་མོས་ཆེན་པོ་གནང་མཁན། བོད་ནང་གི་ཆབ་སྲིད་ལམ་སྲོལ་ཐོག་སྐྱོན་བརྗོད་བྱེད་མཁན་བཅས་ཚང་མར་དྲག་གནོན་ཚབ་ཆེན་བྱེད་བཞིན་པ་ནི། རྒྱལ་སྤྱིའི་ཁྲིམས་དང་དམིགས་བསལ་གཏམ་བརྗོད་རང་དབང་དང་ཆོས་དད་རང་དབང་སོགས་དང་རྩ་འགལ་དུ་ཕྱིན་ཡོད་ཁར། རྒྱ་ནག་རང་གི་རྩ་ཁྲིམས་དང་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་སོགས་དང་རྩ་འགལ་དུ་གྱུར་ཡོད་པ། ཆེད་ལས་ཉམས་ཞིབ་པ་ཚོས་ངོས་འཛིན་གནང་གི་ཡོད་པ་རེད།