བོད་མི་ཞིག་གིས་ཁོང་གི་ཁྱིམ་རྒྱུད་ཆ་ཚང་གིས་རྒྱ་ནག་གི་སྡུག་སྦྱོང་མནར་གཅོད་མྱངས་ཡོད་ཟེར།

2020-06-26
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གི་ཉེན་རྟོག་པས་བོད་མི་འཛིན་བཟུང་བྱེད་བཞིན་པ། 2008
རྒྱ་ནག་གི་ཉེན་རྟོག་པས་བོད་མི་འཛིན་བཟུང་བྱེད་བཞིན་པ། 2008
པར་རྙིང།

རྒྱལ་སྤྱིའི་སྟེང་མནར་གཅོད་ཀྱི་གནོད་འཚེ་བ་ཕོག་མཁན་དག་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཀྱི་ཉིན་མོར་བོད་མི་ཞིག་གིས་ཁོང་གི་ཁྱིམ་རྒྱུད་ཆ་ཚང་གིས་རྒྱ་ནག་གི་སྡུག་སྦྱོང་མནར་གཅོད་མྱངས་བ་ཐེར་འདོན་བྱས་ཡོད།
དེ་ཡང་ལོ་རེའི་སྤྱི་ཟླ་༦་པའི་ཚེས་༢༦་ཉིན་ནི། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་སྟེང་མནར་གཅོད་ཀྱི་འཚེ་བ་མྱོང་བཞིན་པའི་སྐྱེ་བོ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱབ་སྐྱོར་མཚོན་སླད་གཏན་འབེབས་བྱས་པའི་དུས་དྲན་ཉིན་མོ་ཡིན་པ་དང་། རྡ་རམ་སཱ་ལར་གནས་བཞུགས་བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་བདེ་ལེགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་ནས་བཟུང་། བོད་མི་ཡོངས་ལ་སྡུག་སྦྱོང་དང་མནར་གཅོད་ཚབ་ཆེན་བཏང་ཡོད་པ་མ་ཟད། ཁོ་རང་ཆུང་ཆུང་ལོ་དྲུག་བདུན་གྱི་སྐབས་ནས་བཟུང་ལོག་སྤྱོད་པའི་བུ་ཕྲུག་ཞེས་མིང་བཏགས་པ་དང་། ཁོང་གི་ཨ་མ་ལགས་རྒྱ་ནག་གཞུང་གིས་སྡུག་སྦྱོང་མནར་གཅོད་བཏང་བའི་འོག་དགུང་ལོ་༤༩་ཐོག་འདས་གྲོངས་སུ་ཕྱིན་མ་ཟད། ཁོང་གི་ཁྱིམ་ཚང་ལ་ཏཱ་ལའི་རུ་ཚོགས་ཀྱི་རྗེས་འབྲངས་པ་ཞེས་བོས་ནས་མཐོང་ཆུང་མནར་གཅོད་བཏང་བ་བཅས་མདོར་ན་ཁྱིམ་རྒྱུད་ཆ་ཚང་གིས་རྒྱ་ནག་གཞུང་གི་སྡུག་སྦྱོང་མནར་གཅོད་མྱངས་ཡོད་པ་འགྲེལ་བརྗོད་གནང་སོང་།
རྒྱ་གར་རྡ་རམ་སཱ་ལར་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་འདི་གའི་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་། རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་སྤྱོད་དང་མི་མཐུན་པའི་བྱ་སྤྱོད་སྤེལ་མཁན་གྱི་བོད་མི་དང་། རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་རྩོད་ལེན་བྱེད་མཁན་གྱི་བོད་མི་མང་པོ་ཞིག་བཙན་གྱིས་བཙོན་མཇུག་བྱས་ཏེ། སྡུག་སྦྱོང་མནར་གཅོད་དང་། ཐ་ན་དམར་གསོད་བཏང་བའི་གནས་ཚུལ་མང་པོ་ཐོན་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་ཆབ་སྲིད་བཙོན་པ་མང་པོ་ཞིག་ལ་རྒྱ་ནག་གཞུང་གིས་མི་ཆོས་ལས་འདས་པའི་སྡུག་རྩུབ་ཀྱི་བྱ་སྤྱོད་སྤེལ་ཡོད་པ་འགྲེལ་བརྗོད་གནང་བ་དང་མཉམ། སྤྱིར་རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཡིག་ཆ་མང་པོ་ཞིག་ལ་ངོས་ལེན་གྱི་མཚན་རྟགས་བཀོད་ཡོད་ཀྱང་། དོན་དངོས་ཐོག་རྒྱ་ནག་གཞུང་གིས་དེ་དག་སྣང་མེད་གཏོང་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་རང་ཉིད་ཀྱིས་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཟེར་བར་བརྩི་སྲུང་མེད་པའི་ཐོག་ནས་བོད་ནང་ཁྲིམས་ཀྱི་ཐོབ་ཐང་མང་པོ་ཞིག་རྡོག་རོལ་བཏང་དང་གཏོང་མུས་ཡིན་པ་འགྲེལ་བརྗོད་གནང་སོང་།
དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་སྐུ་ཚབ་ཚན་པས་ཕྱི་ཟླ་ ༦ ་ཚེས་ ༢༦ ་ཉིན། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་། ལྷག་པར་བོད་དང་ཤིན་ཅང་བཅས་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གཙོས་རྒྱ་ནག་ནང་གི་སྡུག་སྦྱོང་མནར་གཅོད་ཐད་ལ་བཀའ་བསྡུར་གནང་ནས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཐད་ཚོགས་འདུ་ཟུར་དུ་སྐོང་ཚོགས་གནང་རྒྱུ་གཏན་འབེབས་དགོས་པ་དང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལ་རྟོག་ཞིབ་སྐུ་ཚབ་གཏན་འཇགས་ངོ་བོར་བསྐོ་གཞག་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།
རྒྱལ་སྤྱིའི་སྟེང་མནར་གཅོད་ཀྱི་གནོད་འཚེ་བ་ཕོག་མཁན་དག་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཅེས་པའི་ཉིན་མོ་དེ་བཞིན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་སྤྱི་ལོ་༡༩༩༧་ལོར་གཏན་འབེབས་གནང་བ་ཞིག་ཡིན་ཞིང་། ད་བར་རྒྱལ་སྤྱིའི་མནར་གཅོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་ཏེ་མི་ལོ་༢༣་འཁོར་གྱི་ཡོད་པ་དང་། རྒྱ་ནག་གཞུང་གི་བཙན་དབང་དྲག་གནོན་འོག་ད་བར་བོད་མི་ས་ཡ་གཅིག་ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བཙོན་འོག་གི་བོད་མི་མང་པོ་ཞིག་ལ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་རྐྱེན་མང་པོ་འདས་སུ་གྲོངས་ཕྱིན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།