བོད་ནང་གངས་རུད་བརྒྱབ་པའི་རྒྱུ་རྐྱེན་རྩད་གཅོད་གནང་བཞིན་པ།


2016-10-25
Share
ས་ཡོམ་རྗེས་རི་བོ་ཇོ་མོ་གླང་མའི་ཁུལ་ལ་གངས་རུད་བྱུང་སྐབས། ༢༠༡༥།༤།༢༧ ས་ཡོམ་རྗེས་རི་བོ་ཇོ་མོ་གླང་མའི་ཁུལ་ལ་གངས་རུད་བྱུང་སྐབས། ༢༠༡༥།༤།༢༧
AFP

བོད་མངའ་རིས་རུ་ཐོག་རྫོང་ཁོངས་ནང་གངས་རུད་ཆེན་པོ་གཉིས་སྔ་རྗེས་སུ་ཟླ་ངོ་ཁ་ཤས་ལས་མ་འགོར་བར་བརྒྱབ་པ་དེ་ནི་ཚན་རིག་པས་རྒྱུ་མཚན་ཏག་ཏག་ཅི་ཡིན་རྩད་གཅོད་མི་ཐུབ་པའི་གནས་སྟངས་སུ་གྱུར་འདུག
དེ་ཡང་Norway Oslo་གཙུག་ལག་སློབ་གྲྭ་ཆེན་མོའི་འཁྱགས་རོམ་ཞིབ་འཇུག་པ་Andreas Kaab་གིས་འཁྱགས་རོམ་ཚ་གྲང་གི་ཚད་གཞི་ནི་ཆ་སྙོམས་པོ་ཡིན་པས་འཁྱགས་རོམ་རྡིབ་ལྷུང་འདི་གནམ་གཤིས་འགྱུར་ལྡོག་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་ཡོད་སྲིད་པར་ཚོད་དཔག་གནང་འདུག་ལ། དེ་དོན་ཨ་རིའི་རྒྱལ་ཡོངས་མཁའ་སྐྱོད་བཟོ་སྐྲུན་རིག་རྩལ་དང་བར་སྣང་ལས་དོན་ལྟེ་གནས་ཁང་ངམ་NASA་ཞེས་པར་ངོ་སྤྲོད་གནང་འདུག
བོད་ནང་བྱུང་པའི་གངས་རུད་དེ་གཉིས་ནས་གཅིག་ནི་འདི་ལོ་ཟླ་༧་པའི་ཚེས་༡༧་ཉིན་བརྒྱབ་སྟེ་སྐབས་དེར་བོད་མི་༩་རྐྱེན་ལམ་དུ་བཏང་ཡོད་པ་དང་། ཡང་དེ་འདྲའི་གངས་རུད་གཉིས་པ་ཞིག་སྔོན་མ་བརྒྱབ་སའི་ས་གནས་ནས་རྒྱང་ཐག་སྤྱི་ལེ་ཁ་ཤས་ལས་མེད་པའི་མཚམས་སུ་སྤྱི་ཟླ་༨་པའི་ཚེས་༢༤་ཉིན་བརྒྱབ་ཡོད་པ་རེད།
གོང་ཞུས་ཨ་མི་རི་ཀའི་བར་སྣང་ལས་དོན་ལྟེ་གནས་ཁང་NASAའི་ཚན་རིག་པ་ཚོས། འཁྱགས་རོམ་རྡིབ་ལྷུང་ཀྱི་དོན་རྐྱེན་འདི་ནི་ཕལ་ཆེར་འཁྱགས་རོམ་གྱི་ནང་དང་འོག་དུ་ཆུ་འཛུལ་བའི་གནས་སྟངས་ཞིག་ཡིན་སྲིད་ལུགས་ཚོད་དཔག་བྱས་འདུག་ལ། ཨ་རིའི་ཚན་རིག་པ་ཚོས་བར་སྣང་ནས་མི་བཟོས་སྲུང་སྐར་གྱི་པར་དང་བརྙན་པར་གྱི་ཐོག་ནས་བོད་ནང་གི་འཁྱགས་རོམ་རྡིབ་ལྷུངས་ཀྱི་གནད་དོན་ཐད་ཞིབ་འཇུག་ཆེན་པོ་བྱེད་བཞིན་ཡོད་འདུག ལྷག་པར་དུ་ཕྱི་ཟླ་༩་ཚེས་༢༤་ཉིན་གྱི་འཁྱགས་རོམ་རྡིབ་ལྷུངས་ཀྱིས་གངས་རུད་གཉིས་པ་དེ་མ་བརྒྱབ་གོང་NASAའི་ཚན་རིག་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་མ་ཐག་རྒྱ་ནག་གི་ཚན་རིག་པ་དང་གཞུང་འཛིན་མི་སྣ་ཚོར་གནས་ཚུལ་མཁོ་སྤྲོད་བྱས་འདུག་ཀྱང་། ཉེན་བརྡ་དེ་མ་ཡོང་གོང་གི་ཆུ་ཚོད་ཁ་ཤས་སྔོན་དུ་འཁྱགས་རོམ་རྡིབ་ལྷུངས་ཀྱི་དོན་རྐྱེན་དེ་བྱུང་ཡོད་ལུགས་NASA་གིས་བཏོན་པའི་སྙན་ཐོ་ཞིག་གི་ནང་བཀོད་ཡོད་པ་རེད།
གངས་རུད་དེ་གཉིས་དབར་སྔ་རྗེས་ཟླ་ངོ་ཁ་ཤས་ཀྱི་དུས་ཚོད་ལས་ཁྱད་མེད་པར་གཅིག་རྗེས་གཉིས་མཐུད་བྱུང་བའི་གནད་དོན་འདིའི་ཐད་རྒྱ་ནག་ཐེ་བའི་རྒྱལ་སྤྱིའི་ཚན་རིག་པ་ཚོས་མུ་འཐུད་ཞིབ་འཇུག་བྱེད་བཞིན་ཡོད་འདུག།

གསར་འགོད་པ་གུ་རུ་ཆོས་སྐྱིད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།