བལ་ཡུལ་ཉེན་རྟོག་པས་བོད་མི་གཉིས་འཛིན་བཟུང་བཀག་ཉར་བྱས་འདུག

2021.07.18
བལ་ཡུལ་ཉེན་རྟོག་པས་བོད་མི་གཉིས་འཛིན་བཟུང་བཀག་ཉར་བྱས་འདུག
Photo: RFA

ཕྱི་ཟླ་༧ཚེས་༡༧ཉིན་བལ་ཡུལ་གྱི་རྒྱལ་ས་སྤྱི་དང་རྒྱལ་སའི་འཕགས་ཤིང་ཁུལ་གྱི་ས་གནས་རང་བདེན་ཚོགས་ཆུང་གི་སྔོན་འགྲོའི་འོས་བསྡུ་གནང་བཞིན་པའི་སྐབས་དེར། བལ་ཡུལ་གྱི་ཉེན་རྟོག་པ་བཅོ་ལྔ་ཙམ་འོས་བསྡུ་གནང་སར་འོངས་ནས་རྒྱལ་འཕགས་ས་གནས་འགོ་འཛིན་ཀརྨ་རྒྱལ་མཚན་ལགས་དང་། བརྒྱ་དཔོན་ནོར་བུ་ལགས་གཉིས་འཛིན་བཟུང་དང་བཀག་ཉར་བྱས་ཡོད་པ་མ་ཟད། འོས་བསྡུ་དེབ་སྐྱེལ་བྱས་པའི་ཤོག་བུ་རྣམས་ཀྱང་འཕྲོག་ཡོད་པ་རྒྱལ་འཕགས་ས་གནས་འགོ་འཛིན་ཀརྨ་རྒྱལ་མཚན་ལགས་ཀྱིས་གསུངས་བྱུང་།

ཡིན་ནའང་། བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་འཕགས་ཤིང་ཁུལ་གྱི་ཉེན་རྟོག་ཁང་ལ་ཞུ་འབོད་བྱས་པའི་རྗེས་ཀྱི་ཉིན་དེ་ག་རང་གི་ཕྱི་དྲོ་ཆུ་ཚོད་༧་ཙམ་ལ་འཛིན་བཟུང་བྱས་པའི་མི་གཉིས་ཀ་བདུན་ཕྲག་གཅིག་རིང་། ཉིན་ལྟར་ཉེན་རྟོག་པའི་སར་འབྱོར་རྟགས་ཐོ་འགོད་དུ་འོངས་དགོས་པའི་མཐུན་རྐྱེན་འོག་གློད་གྲོལ་བཏང་ཡོད་པ། བརྒྱ་དཔོན་ནོར་བུ་ལགས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སོང།

དེ་ཡང་འོས་བསྡུ་དེ་འཕགས་ཤིང་ཁུལ་གྱི་ས་གནས་གསུམ་སྟེ།ཀིམ་ཌོལ་ཁང་པ་དཔར་པོ་དང་། བི་ཇེ་ཤོ་རི་སྟོབས་ཚང་དང་། འཕགས་ཤིང་བསྐོར་ལམ་དུ་ཡོད་པའི་རྒྱལ་གསུམ་མདོ་དགོན་པར་ཚོུད་བརྒྱད་པ་ནས་འོས་བསྡུ་གནང་བཞིན་པ་ཡིན་ནའང་ཞོགས་པ་ཚོུད་བཅུ་གཅིག་དང་ཕྱེད་ཀ་ཙམ་ལ་རྒྱལ་གསུམ་མདོ་དགོན་པར་ཉེན་རྟོག་པ་མང་པོ་ཞིག་སླེབས་ནས་འོས་བསྡུ་མུ་འཐུད་གནང་རྒྱུར་བཀག་འགོག་བྱས་ཡོད་པ་རེད།

སྔར་ནས་བལ་གཞུང་དང་རྒྱ་ནག་གཞུང་གཉིས་བར་འབྲེལ་བ་ཇེ་ཟབ་དུ་འགྲོ་བ་དང་ལྷན་དུ། བལ་ཡུལ་ནང་གི་བོད་མི་ཚོར་མཛད་སྒོ་དང་འདུ་འཛོམས་མང་ཆེ་བར་དམ་དྲག་བྱས་ཡོད་པ་དང་ལྷག་པར་དུ་༸གོང་ས་མཆོག་གི་འཁྲུངས་སྐར་དང་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་སོགས་སྐབས་སྔ་ཕྱི་མང་པོར་བོད་མི་བཀག་ཉར་དང་འཛིན་བཟུང་བྱས་ཡོད་ནའང་། ད་ལན་ས་གནས་རང་གི་འོས་བསྡུ་ཆུང་ཙག་རེ་ལ་བོད་མི་འཛིན་བཟུང་བྱས་པ་དེ་ཐོག་མར་ཆགས་ཡོད་པ་ས་གནས་འགོ་འཛིན་ཀརྨ་རྒྱལ་མཚན་ལགས་ནས་གསུངས་བྱུང་བ་དང་། ད་དུང་ཁོང་ནས་དེང་གི་ཆར་བལ་ཡུལ་ནང་བོད་མིར་དམ་དྲག་ཤུགས་ཆེ་རུ་འགྲོ་ཡོད་པའི་སྐོར་འགྲེལ་བརྗོད་དེ་ལྟར་གནང་བྱུང་། བལ་ཡུལ་ལ་རྒྱ་གར། རྒྱ་ནག་ཨ་རི་བཅས་ནས་སྨན་ཁབ་གནང་ཡོད་པ་དང་ཉེ་ལམ་རྒྱ་ནག་ནས་ཏོག་དབྱིབས་ནད་དུག་གི་སྔོན་འགོག་ཁབ་མང་པོ་ཞིག་སྤྲད་ཀྱི་ཡོད་པ་མ་ཟད་། ཕྱི་ཟླ་༧ཚེས་༡༦ནི་བལ་ཡུལ་གྱི་ཁྲིམས་ཞིབ་ཁང་ནས་བསྐོ་བཞག་གནང་བའི་སྲིད་བློན་གསར་བ་ཤེར་བྷ་དུར་དྭེ་བ་དང་རྒྱ་ནག་གྱི་གཞུང་ཚབ་པ་ཧོ་ཡན་ཅི་གཉིས་ཀྱི་མཇལ་འཕྲད་རྗེས་རྒྱ་ནག་གཞུང་ཚབ་པས་བལ་ཡུལ་ལ་བསྐྱར་དུ་ཏོག་དབྱིབས་སྔོན་འགོག་སྨན་ཁབ་ས་ཡ་གཅིག་དང་འབུམ་དྲུག་རོགས་སྐྱོར་ཆེད་དུ་སྤྲད་རྒྱུ་ཡིན་པ་གསུངས་འདུག



གསར་འགོད་པ། རྡོ་རྗེ་རྒྱལ་མཚན།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎