ཨ་རིའི་གཞུང་ཚབ་ཆེན་མོ་རྡ་རམ་ས་ལར་འཚམས་གཟིགས།

རྒྱ་གར་ནང་བཅའ་ཞུགས་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོས་བཞུགས་སྒར་དུ་༧གོང་ས་མཆོག་དང་མཇལ་འཕྲད་ཞུས་གནང་ཡག་རེད་འདུག

2011.02.23

༄༅༎རྒྱ་གར་ནང་བཅའ་ཞུགས་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་ཀྲི་མ་ཐི་རོའོ་མར་བཞུགས་སྒར་རྡ་རམ་ས་ལར་ཉིན་གཉིས་རིང་འཚམས་འདྲི་གཟིགས་སྐོར་གནང་བར་ཕེབས་ནས་སང་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་གནང་ཡག་རེད་འདུག།

དཔལ་ལྡན་སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་ དབུ་འཁྲིད་རྣམ་གཉིས་དབར་གྱི་མཇལ་འཕྲད་ལ་གྲུབ་འབྲས་བཟང་པོ་ཐོན་རྒྱུ་ཡིན་པ་དང༌། ༧གོང་ས་མཆོག་དང་ཨ་རིའི་གཞུང་ཚབ་ཆེན་མོ་རྣམ་གཉིས་དབར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཐེངས་གཅིག་མཇལ་མྱོང་ཡོད་སྐོར་གསུང་པ་ རྒྱ་གར་གྱི་IANSགསར་ལས་ཁང་གིས་ལུང་འདྲེན་གནང་བཞག།

དེ་བཞིན་ཧི་མ་ཅལ་མངའ་སྡེའི་སྲིད་གཞུང་ནས་གཞུང་ཚབ་ཆེན་མོ་རོའོ་མར་མངའ་སྡེའི་སྐུ་མགྲོན་ལ་ངོས་འཛིན་ཞུས་གནང་ཡོད་ཅིང༌། ཀངྒ་ར་རྫོང་གི་རྫོང་དཔོན་གཞོན་པ་གུཔ་ཊས་ ཨ་རིའི་གཞུང་ཚབ་ཆེན་མོ་དང་ཁོང་གི་སྐུ་ཟླ་རྣམ་གཉིས་ཉིན་གཉིས་རིང་གཟིགས་སྐོར་ལ་ཕེབས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་བཞག། ཡང་ཧི་མ་ཅལ་མངའ་སྡེའི་གཞུང་གིས་བཏོན་གནང་བའི་མཛད་འཆར་ནང༌། ཨ་རིའི་གཞུང་ཚབ་ཆེན་མོས་ཐོག་མར་བོད་ཕྲུག་ཁྱིམ་སྡེར་གཟིགས་སྐོར་གནང་རྒྱུ་ཡིན་པ་དང༌། དེ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་གནང་རྒྱུ་དང༌། ཕྱོགས་མཚུངས་གཞུང་ཚབ་ཆེན་མོ་ཀྲི་མ་ཐི་རོའོ་མར་མཆོག་གིས་རྡ་ཤོད་སྣེ་ལེན་ཁང་དབུ་འབྱེད་གནང་རྒྱུ་ཡིན་པ་རེད།

ཨ་རིའི་གཞུང་ཚབ་ཆེན་མོ་རྡ་རམ་ས་ལའི་ཉེ་འཁྲིས་གག་གལ་གནམ་ཐང་དུ་དེ་རིང་ཕེབས་འབྱོར་གནང་བའི་སྐབས་སུ། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་པའི་གཞུང་ཞབས་ཁག་ཅིག་གིས་ཁོང་ལ་ཕེབས་བསུའི་སྣེ་ལེན་ཞུ་བར་ཕེབས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎