ཨ་རིས་རྒྱ་ནག་དམག་སྟོབས་ཆེ་བར་ངོས་ལེན་མེད་པ།

རྒྱ་ནག་ཕྱོགས་ནས་ཁོང་ཚོའི་དམག་དོན་གྱི་ནུས་སྟོབས་ནི་ཨ་མི་རི་ཀ་དང་འགྲན་རྩོད་བྱེད་ཐུབ་པའི་ནུས་པ་ལྡན་པའི་མངོན་འགྱུར་ཡོང་རྒྱུ་བཤད།

2011-01-07
Share

༄༅༎ཨ་མི་རི་ཀའི་སྲུང་སྐྱོབ་དྲུང་ཆེ་སྐུ་ཞབས་རོ་སྦཏ་གེཏ་སི་རྒྱ་ནག་དུ་འཚམས་འདྲིར་ཕེབས་འགྲོ་ཡོད་པའི་སྔ་ནུབ་ཏུ་རྒྱ་ནག་ཕྱོགས་ནས་ཁོང་ཚོའི་དམག་དོན་གྱི་ནུས་སྟོབས་ནི་ཨ་མི་རི་ཀ་དང་འགྲན་རྩོད་བྱེད་ཐུབ་པའི་ནུས་པ་ལྡན་པའི་མངོན་འགྱུར་ཡོང་རྒྱུ་ཡིན་པའི་སྐོར་དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་ནག་གཞུང་འབྲེལ་གསར་ལམ་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་ཨ་མི་རི་ཀའི་ཆེས་མཐོའི་དམག་དཔོན་ཞིག་གིས། རྒྱ་ནག་གཞུང་གིས་གོ་མཚོན་ལྡན་པའི་མེ་ཤུགས་འཕུར་མདེལ་འཕེལ་རྒྱས་གཏོང་གི་ཡོད་པའི་གནས་ཚུལ་གསུང་པའི་རྗེས། རྒྱ་ནག་གཞུང་གི་འདོད་ཕྱོགས་གནས་ཚུལ་མཁོ་འདོན་བྱེད་མཁན་རྒྱལ་སྤྱིའི་དུས་དེབ་ཅེས་པས་རྒྱ་ནག་གཞུང་གི་གསར་ཤོག་གནས་ལུང་འདྲེན་བྱས་ཏེ། རྒྱ་ནག་གི་ཕྱོགས་ནས་མེ་ཤུགས་འཕུར་མདེལ་གྱི་གཏོར་རྒོལ་ལ་གདོང་ལེན་བྱེད་ཐུབ་མཁན་གྱི་གོ་མཚོན་མ་དཔེ་བཟོ་སྐྲུན་ཆ་ཚང་ཟིན་པའི་གནས་ཚུལ་བཀོད་སྤེལ་བྱས་ཡོད་པ་མ་ཟད། ད་དུང་རྒྱ་ནག་ཕྱོགས་ནས་གོ་མཚོན་གསར་པ་བཟོ་སྐྲུན་བྱས་པའི་གནས་ཚུལ་ད་ལྟ་ཐོན་བཞིན་པ་དེ་བདེན་པ་ཡིན་མིན་ཡང༌། མ་འོངས་པར་རྒྱ་ནག་ལ་ཨ་མི་རི་ཀའི་དམག་གི་གོ་མཚོན་དང་འགྲན་རྩོད་བྱེད་ཐུབ་པའི་གོ་མཚོན་ཧ་ཅང་གི་ནུས་སྟོབས་ཆེ་བ་སྤུས་ཚད་ཨང་དང་པོ་དེ་འདྲ་བཟོ་སྐྲུན་ཐུབ་རྒྱུ་རེད་ཅེས་བཀོད་ཡོད་པ་རེད།

ཨ་མི་རི་ཀའི་སྲུང་སྐྱོབ་དྲུང་ཆེ་སྐུ་ཞབས་རོ་སྦཏ་གེཏ་སི་རེས་གཟའ་ཉི་མའི་ཉིན་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་འབྱོར་གནང་གི་ཡོད་པ་དང༌། ཁོང་གི་འཚམས་འདྲི་དེ་ནི། བར་ལམ་ཨ་མི་རི་ཀས་ཐེ་དབན་ལ་གོ་མཚོན་ཚོང་འགྲེམས་བྱས་པའི་གནད་དོན་གྱིས་རྐྱེན་པས་རྒྱ་ནག་གཞུང་གིས་ཨ་མི་རི་ཀ་དང་དམག་དོན་གྱི་འབྲེལ་ལམ་བཅད་དེ་ལོ་གཅིག་འགྲོ་གི་ཡོད་པ་དེའི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་གནང་རྒྱུ་ཡིན་ཞིང༌། གང་ལྟར་རྒྱ་ནག་ཕྱོགས་ནས་མེ་ཤུགས་འཕུར་མདེལ་སོགས་དམག་དོན་གྱི་གོ་མཚོན་གསར་པ་བཟོ་སྐྲུན་བྱེད་པའི་གནས་ཚུལ་ཐོན་བཞིན་ཡོད་ནའང་དོན་དངོས་ཐོག་ཨ་མི་རི་ཀའི་ཕྱོགས་ནས་སྔར་སྲོལ་ལྟར་རྒྱ་ནག་ནི་དམག་དོན་ནུས་སྟོབས་ཆེ་བ་ཞིག་ཡིན་པ་ངོས་འཛིན་གནང་རྒྱུ་མིན་པ་མ་ཟད། དུས་ཚོད་སྔ་ཕྱི་གང་རུང་ནང་རྒྱ་ནག་ནི་དམག་དོན་ནུས་སྟོབས་ཨང་དང་པོ་ཆགས་རྒྱུའི་མངོན་འགྱུར་དེ་ཡང་ངོས་འཛིན་གནང་གི་མ་རེད་ཅེས་གནས་ཚུལ་བཀོད་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།