ལོན་ཌོན་ཡོད་པའི་ཡོ་རོབ་ནང་གི་རྒྱ་ནག་གཞུང་ཚབ་ཁང་ཆེ་ཤོས་གནས་སྤོར་རྒྱུར་ས་གནས་གྲོང་སྡེ་ལྷན་ཚོགས་ཀྱིས་ངོས་ལེན་གནང་མི་འདུག

2022.12.02
Share on WhatsApp
Share on WhatsApp
ལོན་ཌོན་ཡོད་པའི་ཡོ་རོབ་ནང་གི་རྒྱ་ནག་གཞུང་ཚབ་ཁང་ཆེ་ཤོས་གནས་སྤོར་རྒྱུར་ས་གནས་གྲོང་སྡེ་ལྷན་ཚོགས་ཀྱིས་ངོས་ལེན་གནང་མི་འདུག བོད་མི་དང་ཡུ་གུར་བ་ཁག་ཅིག་གིས་གྲོས་འཆར་གྲོས་བསྡུར་བྱེད་ཡུལ་དུ་ངོ་རྒོལ་བྱས་སྐབས། ༡༢།༠༡།༢༠༢༢
@UyghurStop

དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་(Tower Hamlets)་གྲོང་སྡེ་ལྷན་ཁང་གི་འཐུས་མི་ཚོས་སྤྱི་མོས་ཀྱི་ཐག་གཅོད་ཐོག་ནས། ཁུལ་དེར་ཡོད་པའི་(Royal Mint)་ཞེས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ས་ཁུལ་དུ་རྒྱ་ནག་གཞུང་ཚབ་ལས་ཁུངས་གནས་སྤོར་བྱེད་རྒྱུའི་གྲོས་འཆར་ལ་ངོས་ལེན་རྒྱབ་སྐྱོར་གནང་མེད་སྐོར་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་(Free Tibet)་ཞེས་བོད་རང་དབང་ཚོགས་པའི་ལས་འགུལ་འགན་འཛིན་(John Jones)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཁོང་གིས་གསུང་ན། སྤྱི་ཟླ་༡༢བའི་ཚེས་༡ཉིན། དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་(Tower Hamlets)་གྲོང་སྡེ་ལྷན་ཚོགས་ཀྱིས་དེ་སྔ་ས་གནས་འཆར་འགོད་ལྷན་ཁང་ནས་ཆོག་མཆན་འགོད་ཟིན་པ་ས་གནས་དེའི་ཁྱབ་ཁོངས་(Royal Mint)་ཞེས་ལོ་རྒྱུས་རང་བཞིན་ལྡན་པའི་ས་ཁུལ་དུ་རྒྱ་ནག་གཞུང་ཚབ་ལས་ཁུངས་གནས་སྤོར་བྱ་རྒྱུའི་གྲོས་འཆར་ཐད་གྲོས་བསྡུར་གནང་ཡོད་པ་དང་། བོད་རང་དབང་ཚོགས་པའི་ཚོགས་མི་ཁག་གཅིག་དེར་དངོས་སུ་ཕེབས་ཏེ་བློ་ཚབས་དང་བཅས་གནད་དོན་ཁག་ཅིག་སྙན་གསེང་ཞུས་ཡོད་འདུག་ལ། མཐར་འཐུས་མི་ཚོས་རྒྱ་ནག་གཞུང་ཚབ་ཁང་ས་གནས་དེར་གནས་སྤོར་བྱེད་འཇུག་རྒྱུ་མིན་པ་སྤྱི་མོས་ཀྱི་ཐོག་ནས་ཐག་གཅོད་གཏན་འབེབས་གནང་ཡོད་པ་གསུང་བྱུང་།
དེའི་ཐད་ཁོང་གིས་མུ་མཐུད་དུ་གསུང་ན། ས་གནས་བོད་མི་དང་། ཡུ་གུར་བ། ཧོང་ཀོང་བ་སོགས་ཀྱིས་ད་བར་ལས་འགུལ་འདྲ་མིན་སྤེལ་ནས། རྒྱ་ནག་གི་གཞུང་ཚབ་ལས་ཁུངས་(Royal Mint)་ཞེས་ལོ་རྒྱུས་རང་བཞིན་ལྡན་པའི་ས་ཁུལ་དུ་གནས་སྤོར་བྱེད་འཆར་ལ་བློ་ཚབས་ཡོད་པ་གསལ་བཏོན་གནང་ནས། ཁུལ་དེར་རྒྱ་ནག་གཞུང་ཚབ་ཁང་གནས་སྤོར་བྱས་ཚེ། ཁུལ་དེར་ཡོད་པའི་བོད་མི་དང་ཡུ་གུར་བ་སོགས་རྒྱ་ནག་དམར་ཤོག་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་བྱེད་མཁན་རྣམས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་སྟབས། ས་གནས་ཀྱི་བདེ་འཇགས་ལ་ཉེན་ཁ་འབྱུང་ཉེན་ཡོད་པའི་བློ་ཚབས་སོགས་ཞུས་ནས་ལས་འགུལ་རིམ་པར་སྤེལ་བ་བཞིན། ད་རེས་(Tower Hamlets)་གྲོང་སྡེ་ལྷན་ཚོགས་ཀྱིས་མི་དམངས་ཀྱི་བློ་ཚབས་དེ་དག་ལ་གསན་ཞིབ་གནང་བ་ཞིག་ཆགས་ཡོད་པ་རེད།
ལྷན་ཚོགས་ཐོག་ས་གནས་མི་དམངས་ཀྱི་བདེ་འཇགས་ཉེན་ཁ། ས་གནས་དེ་འཇིགས་སྐུལ་དྲག་སྤྱོད་མཏོར་རྒོལ་གྱི་དམིགས་འབེན་དང་གྱུར་སྲིད་པ་དང་། མ་འོངས་པར་ཁུལ་དེར་ཞི་བའི་ཐོག་ནས་རྒྱ་ནག་ངོ་རྒོལ་བྱེ་དའི་ས་གནས་ཞིག་ཏུ་གྱུར་བ་སོགས་བློ་ཚབས་ཡོང་གཞིའི་གནད་དོན་ཁག་༥༠ལྷག་གསལ་སྟོན་གནང་ཡོད་པ་རེད།
དབྱིན་ཇིའི་རྒྱ་ནག་གཞུང་ཚབ་ཁང་གིས་སྤྱི་ལོ་༢༠༡༨ལོར་(Tower Hamlets)་ རང་སྐྱོང་ས་ཁུལ་ཡོད་པའི་(Royal Mint)་ཞེས་པ་ནས་ས་ཆ་ཉོས་ཏེ། ཁུལ་དེར་ལས་བྱེད་༢༠༠ལྷག་ཡོད་པའི་ཡོ་རོབ་ནང་གི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཆེ་ཤོས་དེ་རྒྱག་འཆར་བྱས་ཡོད་ཀྱང་། ད་ཆ་གྲོང་སྡེ་ལྷན་ཚོགས་ནས་འཆར་གཞི་དེར་ངོས་ལེན་གནང་མེད་པ་རེད།


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་རྒྱ་ནག་དང་གདོང་ཐུག་གིས་ར་ཤེ་ཡར་རོགས་རམ་བྱེད་སྟངས་ཐད་འདྲི་རྩད་བྱས་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎