རྒྱལ་ཚོགས་ཀྱི་གླེང་སྟེགས་ཞིག་གི་སྟེང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་འདུག
དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་གནད་དོན་གླེང་སྟེགས་དེ་ད་ལོའི་སྤྱི་ཟླ་༡༡ པའི་ཚེས་ ༢༨ དང ༢༩ ལ་འཚོགས་ཡོད་པ་དང་། ད་ལོའི་བརྗོད་གཞི་གཙོ་བོ་གྲངས་ཉུང་མི་རིགས་ཀྱི་སྐུ་ཚབ་དང་རང་ཉིད་མཚོན་པའི་གནས་སྟངས་ཞེས་པ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཆེས་མཐོ་སྐུ་ཚབ་ཝོལ་ཁེར་ཐུར་ཀི་(Volker Türk)་ལགས་ཀྱི་སྒོ་འབྱེད་མཛད་སྒོའི་སྐབས། གྲངས་ཉུང་མི་རིགས་ཀྱི་སྨྲ་བརྗོད་རང་དབང་འགོག་རྒྱུ་ནི་ཁོ་ཚོའི་ཐོབ་ཐང་རྒྱ་ཆེ་བ་རྣམས་འགོག་པའི་གོམ་པ་དང་པོ་དེ་ཡིན་པ་རེད་ཞེས་རྒྱ་ནག་གཞུང་སྐྱོན་བརྗོད་བྱས་པ་དང་འབྲེལ། རྒྱ་ནག་གཞུང་གིས་བོད་ནི་རྗེས་ལུས་ཡིན་ལུགས་བཤད་པ་དེས་བོད་ཀྱི་ཕུན་སུམ་ཚོགས་པའི་རིག་གཞུང་ལ་མཐོང་ཆུང་འབའ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག
གྲངས་ཉུང་མི་རིགས་ཀྱི་སློབ་གསོའི་འཐུས་ཚབ་རང་བཞིན་གླེང་དུས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་བྷི་ལོན་ཌེལ་(Mélanie Blondelle)་ལགས་ཀྱིས་བོད་ཁུལ་གྱི་སློབ་གྲྭ་ཁག་རྒྱ་ནག་གི་མི་རིགས་རིགས་སྒྱུར་གྱི་ལག་ཆ་རུ་བཀོལ་བཞིན་པའི་གནས་སྟངས་གླེང་ནས། རྒྱ་ནག་གི་སློབ་གྲྭ་ཚང་མའི་ནང་སློབ་ཁྲིད་ཀྱི་སྐད་ཡིག་གཙོ་བོ་རྒྱ་ཡིག་རྒྱ་སྐད་ཡིན་ཞིང་། དེ་མིན་བཙན་དབང་གི་བཅའ་སྡོད་སློབ་གྲྭའི་སྲིད་ཇུས་དང་བོད་ཀྱི་སྒེར་གཉེར་སློབ་གྲྭའི་སྒོ་བརྒྱབས་པ་སོགས་ནན་གྱིས་གླེང་ནས། སློབ་གསོ་ཡིས་རིག་གཞུང་སྣ་མང་ལ་དོ་སྣང་བྱེད་དགོས་པ་ལས་དེ་རྩ་མེད་དུ་གཏོང་སྤྱད་བྱེད་མི་རུང་། བོད་ཕྲུག་བྱིས་པ་ཚོ་འཚར་ལོངས་དང་མཉམ་དུ་རང་ཉིད་ནི་སུ་ཡིན་པ་དང་། གང་ནས་ཡོང་བ། རང་ཉིད་ཀྱི་སྲོལ་རྒྱུན་རྒྱུད་ལ་ཞུགས་ནས་ང་རྒྱལ་སྐྱེས་དགོས། དེའི་སྟབས་ཀྱིས་རྒྱ་ནག་གཞུང་གིས་བོད་རིགས་བྱིས་པའི་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་འོས་འགན་ཁུར་དུ་ལེན་དགོས་ཞེས་འབོད་སྐུལ་གནང་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་གནད་དོན་གླེང་སྟེགས་ནི། ལོ་༡༧ གྱི་སྔོན་དུ་བཙུགས་ནས་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐད་བསམ་བློ་བརྗེ་རེས་དང་མཉམ་ལས་བྱེད་རྒྱུར་སྐུ་འདེད་བྱེད་པའི་སྟེགས་བུ་ཞིག་ཡིན། ད་ལོའི་ཚོགས་འདུའི་ཐོག་གྲངས་ཉུང་མི་རིགས་ས་ཁུལ་དང་གཞུང། གཞུང་འབྲེལ་མིན་པའི་ཚོགས་པ། མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱི་འཐུས་མི་༦༩༠ མཉམ་ཞུགས་གནང་ཡོད་པས་མི་གྲངས་མང་ཤོས་ཀྱི་ཚོགས་འདུ་དེ་ཆགས་ཡོད་པ་རེད། ད་ལོའི་ཟླ་༡༡ པའི་ཚེས ༢༦ ཉིན་སུད་སིའུ་གྲོང་ཁྱེར་འཇི་ནི་ཝ་རུ་རྒྱལ་སྤྱིའི་གྲངས་ཉུང་མི་རིགས་སྒྱུ་རྩལ་འགྲན་ཚོགས་སྟེང་བོད་ཀྱི་སྒྱུ་རྩལ་བ་ལོ་ཝུ་ཁུང་(Laowu Kuan)་ལ་བྱ་དགའ་ཐོབ་ཡོད་པ་དང་། སྐབས་དེར་ཁོང་གིས་ངས་རྒྱ་སྐད་ཀྱིས་གཏམ་བཤད་མི་བྱས་རང་བྱས་ཆགས་ཡོད། རྒྱུ་མཚན་ནི་ང་ཆུང་དུས་རྒྱ་ཡིག་རྒྱ་སྐད་ཀྱི་སློབ་གསོ་སྤྲད་ཡོད་ལ། ངའི་ཕ་ཡུལ་ལ་ངའི་ལོ་ཚོད་འདིའི་ནང་བོད་སྐད་བཤད་ཤེས་མཁན་ཧ་ལམ་མེད་ཅེས་འགྲེལ་བཤད་གནང་ཡོད་པ་རེད།
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།