ཡོ་རོབ་མཐུན་ཚོགས་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་ཀྱི་གནད་དོན་གླེང་འདུག

2023.09.26
ཡོ་རོབ་མཐུན་ཚོགས་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་ཀྱི་གནད་དོན་གླེང་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་༥༤པའི་ཚོགས་རྭ།
UNHRC

ཡོ་རོབ་མཐུན་ཚོགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་༥༤པའི་སྟེང་བོད་ཀྱི་གནད་དོན་གླེང་སློང་གནང་འདུག
ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་བཙུགས་པའི་བཅའ་སྡོད་སློབ་གྲྭའི་གནད་དོན་ཐེ་བའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནད་དོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་༥༤པའི་སྟེང་གླེང་སློང་གནང་འདུག
ཕྱི་ཟླ་༩ཚེས་༡༡ནས་ཕྱི་ཟླ་༡༠ཚེས་༡༣བར་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་༥༤པ་ཚོགས་བཞིན་པ་དང་། འདི་ཚེས་༢༦ཉིན་ཚོགས་འདུའི་ལས་རིམ་༤པའི་སྐབས་སུ་ཡོ་རོབ་མཐུན་ཚོགས་ཀྱིས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ལ་ཐུགས་འཚབ་ཡོད་པ་ཐེར་འདོན་བྱས་པའི་ཁོངས་སུ། ཡུ་གུར་མི་རིགས་ཐོག་ལ་དྲག་གནོན་བྱས་པའི་གནད་དོན་གླེང་བ་དང་། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཚབས་ཆེ་རུ་འགྲོ་བཞིན་པ་སྒྲུབ་བྱེད་དུ་བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭའི་ནང་བཙན་ཐབས་ཀྱི་བཅུག་སྟེ་རྒྱ་བསྒྱུར་སློབ་གསོ་སྤེལ་བཞིན་པ། བོད་མིའི་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་རུབ་བྱེད་བཞིན་པ་རྣམས་ལུང་འདྲེན་བྱས་འདུག་ལ། བོད་མི་དང་ཡུ་གུར་མི་རིགས་ཐེ་བའི་མི་རིགས་དང་སྐད་ཡིག། ཆོས་ལུགས་བཅས་ཀྱི་ཆ་ནས་གྲངས་ཉུང་ཚོ་དང་། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ། གསར་འགོད་པ་བཅས་ལ་ལྟ་སྲུང་ནན་པོ་བྱེད་པ་དང་། འཛིན་བཟུང་བཙོན་འཇུག རྡུང་རྡེག་དང་མནར་གཅོད་དྲག་པོ་ཕོག་པའི་ཉེན་ཁ་ཡོད་པ་བརྗོད་འདུག
ཡོ་རོབ་མཐུན་ཚོགས་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་སྙན་སྒྲོན་གནང་པའི་སྙན་ཞུའི་ནང་། རྒྱ་ནག་གཞུང་གིས་བཙོན་འཇུག་དང་དོ་དམ་བྱས་པའི་མི་སྣ་གློད་བཀྲོལ་གཏོང་དགོས་པའི་མིང་གཞུང་བཏོན་པའི་ནང་། བོད་མི་སྒོ་ཤེས་རབ་རྒྱ་མཚོ་དང་། རིན་ཆེན་ཚུལ་ཁྲིམས། རྡོ་རྗེ་བཀྲ་ཤིས་སོགས་གྲགས་ཅན་བཙོན་པ་དང་དོ་དམ་འོག་ཡོད་པ་ཁག་དང་མཉམ་མིང་འདོན་གནང་འདུག


གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་གིས་རྒྱུན་གྲོན་མ་དངུལ་མཚམས་འཇོག་བྱས་རྐྱེན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་མང་ཆེ་བ་གནས་སྐབས་ཕོགས་མེད་ལས་མཚམས་འཇོག་དགོས་བྱུང་ཡོད།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎