ཡུ་གུར་ནང་དྲག་གནོན་བྱས་རྐྱེན་ཨ་རིས་ཉེས་ཆད་བཅད་ཡོད་པའི་མི་སྣ་ཞིག་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་བསྐོ་བཞག་བྱས་འདུག

2021.10.19
Share on WhatsApp
Share on WhatsApp
ཡུ་གུར་ནང་དྲག་གནོན་བྱས་རྐྱེན་ཨ་རིས་ཉེས་ཆད་བཅད་ཡོད་པའི་མི་སྣ་ཞིག་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་བསྐོ་བཞག་བྱས་འདུག ཝང་ཅུན་ཀྲེང།
Chinese media

ཉེ་བའི་ཉིན་ཤས་ནས་བཟུང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་གནད་ཡོད་འགོ་ཁྲིད་ཁག་ཅིག་འགྱུར་བ་གཏོང་བཞིན་ཡོད་པ་ལྟར། ཕྱི་ཟླ་༡༠ཚེས་༡༩ཉིན་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་མཐོ་ཤོས་ཝུའུ་དབྱིང་ཅེ་ཟེར་བ་འགྱུར་བ་གཏང་སྟེ།ཁོའི་ཤུལ་དུ་དེ་སྔ་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འགོ་གཙོ་གཞོན་པ་རྒྱ་རིགས་ཝང་ཅུན་ཀྲེང་ཟེར་བ་བསྐོ་བཞག་བྱས་ཡོད་པ་དང་། རྩོམ་པ་པོ་དང་བོད་རིག་པའི་ཉམས་ཞིབ་པ་ལྷ་སྡེ་གནམ་བློ་ཡག་ལགས་ནས་ཐེངས་འདིར་འགོ་ཁྲིད་གསར་བ་དེར་མཚོན་ན་དེ་སྔ་ནས་གྲངས་ཉུང་མི་རིགས་ཀྱི་ལས་དོན་ལ་རྒྱུས་མངའ་དང་། དེ་བཞིན་ཡུ་གུར་ནས་འགོ་ཁྲིད་བྱས་ཡོད་སྟབས་ཡུ་གུར་བ་ས་ཡ་གཅིག་ལྷག་ངལ་རྩོལ་བཀག་ཉར་སོགས་ཀྱི་བྱེད་ཐབས་ཀྱི་བསམ་བློ་ཡོད་པ་མངོན་གསལ་ཡིན་སྐོར་བརྗོད་བྱུང་།

ཐེངས་འདིར་ཝང་ཅུན་ཀྲེང་ཟེར་བ་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ལ་བསྐོ་བཞག་བྱེད་མཁན་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཐག་གཅོད་ཡིན་པ་དང་། རྒྱ་ནག་གི་ཤིན་ཧྭ་གསར་ལམ་དུ་ཝུའུ་དབྱིང་ཅེ་འཕོ་འགྱུར་བྱེད་དོན་གཙོ་བོ་ཁོང་གི་ལོ་ཚོད་རྐྱེན་གྱིས་རྒས་ཡོལ་ལ་འགྲོ་གྲབས་ཡོད་པས་ཡིན་སྐོར་བརྗོད་ཡོད་ཀྱང་། ལྷ་སྡེ་གནམ་ལོ་ཡག་ལགས་ནས་མུ་མཐུད་བརྗོད་དོན་ལ་སྤྱིར་འགོ་ཁྲིད་བརྗེ་སྒྱུར་དེ་ལོ་ཚོད་རྐྱེན་གྱིས་ཡིན་སྐོར་ཕྱིར་བསྒྲགས་བྱས་ཡོད་ན་ཡང་། གཙོ་བོ་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ཆེད་ཡིན་པ་རེད་ལ། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དེར་གཙོ་བོ་འཛིན་སྐྱོང་གི་དབང་ཆ་ཙམ་ལས་གནད་དོན་ཆེན་པོ་ཐག་གཅོད་སོགས་ཀྱི་དབང་ཆ་མེད་ན་ཡང་། འགོ་ཁྲིད་བརྗེ་སྒྱུར་དུས་སུ་བོད་ནང་སྔར་ལས་དམ་དྲག་དང་དྲག་གནོན་སོགས་ཀྱི་གནས་ཚུལ་དེ་སྔ་བྱུང་ཡོད་པ་ལྟར། ཐེངས་འདིར་བོད་ནང་དམ་དྲག་ཤུགས་ཆེ་རུ་འགྲོ་སྲིད་སྐོར་བརྗོད་བྱུང་།

ཝང་ཅུན་ཀྲེང་ཟེར་བས་དེ་སྔ་ཕྱི་ལོ་༢༠༢༠ལོའི་ཕྱི་ཟླ་༩ནས་ཡུ་གུར་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་འགོ་གཙོ་གཞོན་པ་དང་། ཡུ་གུར་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་འགོ་གཙོ་དང་ཆབ་སྲིད་འགོ་ཁྲིད་སོགས་ཀྱི་འགན་ཁུར་ཡོད་པ་དང་། ཕྱི་ལོ་༢༠༢༡ལོར་ཨ་རིའི་ཡུ་གུར་ནང་དྲག་གནོན་བྱེད་མཁན་གྱི་མགོ་ཁྲིད་ཚོར་དཔལ་འབྱོར་ཉེས་ཆད་གཅོད་སྐབས། ཁོང་དེ་དག་གི་གྲས་སུ་ཚུད་ཡོད་པ་དང་། ཐེངས་འདིར་ཁོ་བོས་ལས་དོན་གཙོ་བོ་བོད་རང་སྐྱོང་ལྗོངས་ཀྱི་དམག་སྲིད་ཏང་གསུམ་གྱི་ལས་འགན་ཡིན་འདུག་པ་དང་། བོད་མིའི་སྒྲིག་འཛུགས་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཚེ་བརྟན་ལགས་ནས།རྒྱ་ནག་གཞུང་གིས་ནམ་རྒྱུན་འགོ་ཁྲིད་འཕོ་འགྱུར་གྱི་ལས་དོན་དེ་དུས་ནས་དུས་སུ་བྱེད་བཞིན་ཡོད་པ་དང་། སྤྱིར་དེ་སྔ་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བརྗེ་སྒྱུར་གྱི་གནས་ཚུལ་གོ་ཐོས་བྱུང་སྐབས། དམར་ཤོག་ཚོགས་པའི་འགོ་ཁྲིད་དེ་བོད་རང་སྐྱོང་ལྗོངས་ནང་ཁུལ་ལས། ཕྱི་ནས་གཏོང་རྒྱུ་མིན་པ་ལྟ་བུ་བསམ་ན་ཡང་། ཐེངས་འདིར་ཕྱི་ནས་དམར་ཤོག་འགོ་ཁྲིད་བཏང་བ་དེས་གནད་དོན་གཅིག་ཏན་ཏན་ཡོད་པ་རེད་བསམ་གྱི་ཡོད་སྐོར་བརྗོད་བྱུང་།

རྒྱ་ནག་གཞུང་གིས་ཏང་གི་ཚོགས་ཆེན་༢༠པ་མ་འཚོགས་སྔོན་དུ་བོད་རང་སྐྱོང་ལྗོངས་དུ་འགོ་ཁྲིད་མང་པོ་ཞིག་འཕོ་འགྱུར་གཏོང་བཞིན་པ་ལྟར། ཕྱི་ཟླ་༡༠་པའི་ཚེས་མགོར་བོད་རང་སྐྱོང་ལྗོངས་ཀྱི་བོད་རིགས་འགོ་ཁྲིད་ཆེ་དགྲ་ལྷ་འཕོ་འགྱུར་གྱིས་ཁོང་གི་ཚབ་ཏུ་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་རྒྱུན་ལས་དང་རྩ་འཛུགས་འགོ་གཙོ་ཡན་ཅིན་ཧའེ་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་གཞོན་པར་བསྐོ་བཞག་བྱས་ཡོད་པ་རེད་ལ། བསྟན་འཛིན་ཚེ་བརྟན་ལགས་ནས་སྤྱིར་རྒྱ་ནག་གི་བཅའ་ཁྲིམས་དང་རྩ་ཁྲིམས་ཁག་ཏུ་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བོད་རིགས་དང་རྒྱ་རིགས་གང་རུང་ཡིན་དགོས་པ་གང་ཡང་གསལ་མེད་ཀྱང་། འདས་པའི་ལོ་ངོ་བདུན་བཅུའི་རིང་བོད་རང་སྐྱོང་ལྗོངས་ཀྱི་མགོ་འཁྲིད་མཐོ་ཤོས་ལ་བོད་རིགས་ལས་བྱེད་གཅིག་ལས་ཡོང་མེད་པ་བརྗོད་བྱུང་།

ཝང་ཅུན་ཀྲེང་ནི་ཕྱི་ལོ་༡༩༦༣ལོ་རྒྱ་ནག་ཧྲན་ཏུང་ལིན་ཞི་རུ་སྐྱེས་པ་དང་། ཧྲན་ཏུང་སློབ་ཆེན་གྱི་སྤྱི་ཚོགས་རིང་ལུགས་སྡེ་ཚན་དུ་སྤྱི་ཚོགས་རིང་ལུགས་ཆེད་ལས་སློབ་སྦྱོང་གནང་ཡོད་པ་དང་། ཕྱི་ལོ་༡༩༨༧ལོ་ནས་དམར་ཤོག་ཚོགས་པའི་ཁྲོད་འཛུལ་ཞུགས་ཀྱིས།ཕྱི་ལོ་༡༩༩༣ལོ་ནས་ཡུན་ནན་ཞིང་ཆེན་དུ་དྲུང་ཡིག་གི་ལས་གནས་གཉེར་ཡོད་པ་དང་། ཕྱི་ལོ་༢༠༠༥ལོ་ནས་ཡུན་ནན་ཞིང་ཆེན་གྱི་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་གཞོན་པ་དང་། ཕྱི་ལོ་༢༠༡༣ལོ་ནས་ཧུའུ་པེ་ཞིང་ཆེན་དམར་ཤོག་ཚོགས་པའི་རྒྱུན་ལས་དང་། ཕྱི་ལོ་༢༠༡༩ལོ་ནས་ཡུ་གུར་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་རྒྱུན་ལས་དང་། ཕྱི་ལོ་༢༠༢༠ལོ་ནས་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་དམག་གསུམ་གྱི་འགོ་གཙོ་གཞོན་པ་བཅས་ཀྱི་ལས་གཉེར་བྱས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎