བོད་དུ་ལས་དོན་རྟོགས་ཞིབ་དང་མཉམ་ཁ་བྲལ་ལ་འཐབ་རྩོད་དགོས་བ་ནན་བརྗོད་བྱས་འདུག

2020-07-08
གློག་འཕྲིན།
མཆན།
Share
པར་བཀོད།
གཞིས་ཀ་རྩེ་གཙང་བཀྲ་ཤིས་ལྷུན་པོ་དགོན། ༢༠༢༠།༦
གཞིས་ཀ་རྩེ་གཙང་བཀྲ་ཤིས་ལྷུན་པོ་དགོན། ༢༠༢༠།༦
བོད་འབྱོར།

རྒྱ་དཀར་ནག་གཉིས་བར་གནད་དོན་འདྲ་མིན་ཐད་མི་མཐུན་པའི་གནས་སྟངས་ཛ་དྲག་སྐབས་རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཝང་དབྱང་བོད་དུ་ལས་དོན་རྟོགས་ཞིབ་ཆེད་བསྐྱོད་འདུག
བོད་ཀྱི་ས་མཚམས་ཁུལ་དུ་རྒྱ་དཀར་ནག་གི་དམག་མིའི་བར་འཁྲུག་འཛིང་ཤོར་ཏེ་དམར་གསོད་ཀྱི་དོན་རྐྱེན་བྱུང་ནས་ཕན་ཚུན་མི་མཐུན་པའི་གནས་སྟངས་ཛ་དྲག་ཡིན་པའི་སྐབས་འདིར་བོད་ཀྱི་ལས་དོན་ཐོག་འགན་འཁུར་བྱེད་མཁན་རྒྱ་ནག་དབུས་གཞུང་གི་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཝང་དབྱང་ཉེ་ལམ་སླར་ཡང་བོད་དུ་ལས་དོན་རྟོགས་ཞིབ་ཆེད་བསྐྱོད་འདུག
དེ་ཡང་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ད་རེས་ཚེས་༦་ནས་ཚེས་༨་བར་རྒྱ་ནག་གི་དཔོན་རིགས་ཝང་དབྱང་བོད་ཀྱི་གཞིས་རྩེ་དང་ལྷ་སར་བསྐྱོད་ནས་ཞིང་འབྲོག་ཁུལ་དང་དགོན་པ་སོགས་ལ་ལྟ་སྐོར་བྱས་འདུག་ཅིང་། བོད་ཀྱི་ལས་དོན་སྤེལ་ཕྱོགས་ཐད་བོད་ནང་གི་འབྲེལ་ཡོད་འགོ་ཁྲིད་ཁག་ཅིག་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་ཟེར་བ་སྐོང་ཚོགས་བྱས་འདུག    
ཝང་དབྱང་གིས་ཚོགས་འདུའི་ཐོག་ཞི་ཅིང་ཕིང་གིས་འབྲེལ་ཡོད་བོད་ཀྱི་ལས་དོན་གྱི་གལ་ཆེའི་རྒྱས་བཤད་བྱས་པ་དང་། དུས་རབས་གསར་པའི་ནང་དམར་ཤོག་ཚོགས་པས་བོད་ལ་འཛིན་སྐྱོང་བྱེད་པའི་བྱ་ཐབས་ཟེར་བ་སློབ་སྦྱོང་བྱས་ཏེ་བོད་ཀྱི་ལས་དོན་ཐོག་ཐབས་ཇུས་འདིང་དགོས་པ་དང་། མཐའ་གཅིག་ཏུ་ཁ་བྲལ་ལ་འཐབ་རྩོད་དགོས་པ། བོད་འདི་ཡུན་རིང་བརྟན་ལྷིང་ངང་གནས་ཐུབ་པའི་རྨང་གཞི་གཏིང་དགོས་པ་ནན་བརྗོད་བྱས་འདུག
དེ་བཞིན་ཝང་དབྱང་གིས་བརྗོད་པའི་མི་རིགས་ཀྱི་ཆོས་ལུགས་ལས་དོན་དེ་ནི། བོད་འདི་རྒྱུན་རིང་བརྟན་ལྷིང་ངང་གནས་ཐུབ་མིན་དང་འབྲེལ་བ་ཆགས་ཀྱི་ཡོད་ཅེས་པའི་ཐོག་ནས་བོད་ཀྱི་ས་ཁུལ་ཁག་གི་ནང་མུ་མཐུད་དུ་ཆོས་ཕྱོགས་ཀྱི་ཐོག་དེ་བས་དམ་བསྒྲགས་བཀག་འགོག་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་པ་དེ་མངོན་ཡོད་ཅིང་། བོད་བརྒྱུད་ནང་བསྟན་འདི་བཞིན་རྒྱ་ནག་ཅན་གྱི་གནས་ཚད་ལ་གོང་མཐོར་གཏོང་རྒྱུ་འདི་ཆོས་ལུགས་ལས་དོན་གྱི་གལ་ཆེ་རང་བཞིན་ཆགས་ཀྱི་ཡོད་པས། ཁྲིམས་ལུགས་ལྟར་དགོན་པ་ཁག་དང་ཆོས་ཕྱོགས་བྱེད་སྒོར་དོ་དམ་དགོས་པ་ཝང་དབྱང་གིས་བརྗོད་འདུག
དེའི་ཐད་ཨ་རིིའི་(George Washington)་གཙུག་ལག་སློབ་ཆེན་ནས་རྒྱལ་སྤྱིའི་གནད་དོན་ཐད་ཀྱི་ཞིབ་འཇུག་སློབ་ཐོན་པ་བཀྲིས་རྣམ་རྒྱལ་ལགས་ཀྱིས། ད་རེས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་། ལྷག་པར་རྒྱ་ནག་གཞུང་ལ་ཆབ་སྲིད་དང་དཔལ་འབྱོར་གང་སྤྱིའི་ཐད་ཕྱི་འབྲེལ་གནོན་ཤུགས་མང་པོ་ཡོང་བཞིན་པའི་སྐབས། ཁོང་བོད་ནང་བསྐྱོད་པ་ནི་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དབུལ་སྐྱོར་གྱི་ལས་དོན་ལ་མུ་མཐུད་ཤུགས་གནོན་རྒྱག་པའི་ཞོར་ལ། ཁ་བྲལ་རིང་ལུགས་ལ་ངོ་རྒོལ་དང་། རྒྱལ་ཞེན་གྱི་སློབ་གསོ་སྤེལ་རྒྱུ་སོགས་ཀྱི་སྲིད་ཇུས་ཁག་ལ་ལྷོད་གཡེང་མེད་པར་མུ་མཐུད་བརྟན་པོར་སྤེལ་རྒྱུའི་ཆེད་དུ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སོང་།
དེ་མིན་ཡང་ཝང་དབྱང་གིས་བོད་ནང་གི་དཔོན་རིགས་ཚོར་ནན་བརྗོད་བྱ་དོན་དུ། མི་རིགས་ཀྱི་སློབ་གསོ་ཡར་རྒྱས་གཏོང་རྒྱུ་གལ་ཆེན་པོ་ཡིན་པའི་ཐོག་ཁྱོན་ཡོངས་ནས་རྒྱལ་ཁབ་ནང་གཅིག་གྱུར་བེད་སྤྱོད་བྱེད་བཞིན་པའི་སྐད་ཡིག་སྟེ། རྒྱ་སྐད་ཀྱི་སློབ་གསོ་འདི་རྒྱ་ཆེ་རུ་གཏོང་དགོས་པ་བརྗོད་འདུག་པས། འདི་ནི་རྒྱ་ནག་དམར་ཤོག་གཞུང་གིས་ད་ལྟ་བར་བོད་ཀྱི་ས་ཁུལ་ཡོངས་རྫོགས་ནང་རྒྱའི་སྐད་ཡིག་གི་སློབ་གསོ་ཤུགས་ཆེ་རུ་བཏང་སྟེ། བོད་ཡིག་བོད་སྐད་ཀྱི་སློབ་གསོ་རིམ་པས་ཤུགས་ཆུང་དུ་གཏོང་བ་དང་། བོད་པའི་ངོ་བོ་མེད་པ་བཟོ་རྒྱུའི་ཇུས་ངན་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་གསུངས་བཞིན་པ་དང་། དེའི་ཐད་ཐེ་ཝན་གྱི་སློབ་གསོ་རིག་པ་བ་སྐུ་ཞབས་(Zeng Jianyuan)་ལགས་ཀྱིས་འདི་གའི་རླུང་འཕྲིན་ཁང་ལ་གསུང་ན། རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་ཁག་ནང་བོད་ཡིག་གི་སློབ་ཁྲིད་ཕྲན་བུ་རེ་ཡོད་པ་དེ་ཡང་གཙོ་བོ་ཆབ་སྲིད་སློབ་གསོ་དང་། ཡང་ན་རྒྱ་ནག་གི་རིག་གནས་བོད་བསྒྱུར་བྱས་པ་ཙམ་ཡིན་པས། དེས་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཀྱི་ཡིན་པ་འགྲེལ་བརྗོད་གནང་ཡོད།
ཝང་དབྱང་བོད་ལ་སྐྱོད་པའི་སྐོར་གཞུང་འབྲེལ་གྱི་བརྒྱུད་ལམ་ནས་བརྙན་པར་གསར་འགྱུར་བཟོས་ཡོད་པར་གཞིགས་ན། གཞིས་རྩེ་ཁུལ་དུ་ཡོད་པའི་བཀྲ་ཤིས་ལྷུན་པོ་དགོན་པ་དང་ས་སྐྱ་དགོན་པར་ཡང་བསྐྱོད་འདུག་ལ། ཁོང་བོད་དུ་འབྱོར་པའི་དུས་ཚོད་འདིར་ཏག་ཏག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་འཁེལ་ཡོད་པས་རྒྱལ་ས་ལྷ་ས་ཚུད་པའི་ས་ཁུལ་ཁག་ནང་དམིགས་བསལ་གྱི་དམ་བསྒྲགས་ཆེ་བ་བྱས་ཡོད་འདུག                
རྒྱ་ནག་དམར་ཤོག་གཞུང་གིས་བོད་ཀྱི་ལས་དོན་ཐོག་འགན་ཁུར་མཁན་དཔོན་རིགས་འདི་ཉེ་བའི་ལོ་ཤས་རིང་དབྱར་དུས་བོད་ཀྱི་གནམ་གཤིས་སྐྱིད་པའི་སྐབས་དང་བསྟུན། ལོ་ལྟར་བོད་ཀྱི་ས་ཁུལ་ཁག་ནང་ལས་དོན་རྟོག་ཞིབ་ཀྱི་མིང་ཐོག་ནས་བསྐྱོད་དེ་བོད་མིའི་གང་ཅིའི་རང་དབང་བཀག་འགོག་དང་། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་ཇུས་འདི་བོད་ནང་ཡོད་པའི་གཞུང་ཕྱོགས་ཀྱི་དཔོན་རིགས་ཚོར་ནན་བརྗོད་དང་དྲན་སྐུལ་བྱེད་པར་བསྐྱོད་ཀྱི་ཡོད་པར་སྲིད་དོན་དབྱེ་ཞིབ་པས་ངོས་འཛིན་བྱེད་ཀྱི་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།