མིག་སྔར་རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་ནང་ཏོག་དབྱིབས་ནད་པ་གཅིག་ཀྱང་མེད། འཕྲོད་བསྟེན་བཀའ་བློན་མཆོག་གིས།

2020-04-16
གློག་འཕྲིན།
མཆན།
Share
པར་བཀོད།
ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་ལས་བསྡོམས་སྙན་སྒྲོན་སྐབས། ༢༠༢༠།༤།༡༦
ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་ལས་བསྡོམས་སྙན་སྒྲོན་སྐབས། ༢༠༢༠།༤།༡༦
tibet.net

རྒྱ་གར་ཧི་མ་ཅལ་མངའ་སྡེ་རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཉེན་ཁ་ཅན་གྱི་ས་ཁོངས་སུ་ཚུད་མེད་ཀྱང་བོད་མི་ཚོ་ཕྱི་ལ་འགྲོ་རྒྱུར་ཡིད་གཟབ་དགོས་བ་སྲིད་སྐྱོང་མཆོག་གིས་གསལ་བཤད་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་དང་། འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་ལགས། ནང་སྲིད་དྲུང་ཆེ་ཚེ་དབང་སྒྲོལ་མ་དང་དྲིལ་བསྒྲགས་དྲུང་ཆེ་ཚེ་དབང་རྒྱལ་པོ། འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་བཅས་ཀྱི་ཐོག་ནས། སྤྱི་ཟླ་༤་པའི་ཚེས་༡༦་ཉིན་རྡ་རམ་སཱ་ལ་ནས་དྲ་ལམ་བརྒྱུད་དེ། རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་སྔོན་འགོག་ཆེད། འབྲེལ་ཡོད་ལྷན་ཁང་ཁག་གིས་ལས་དོན་གནང་ཕྱོགས་སྐོར་ལས་བསྡོམས་སྙན་སྒྲོན་གནང་སྐབས། སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཡོད་ས་རྡ་རམ་ས་ལ་ཆགས་ཡུལ་ཧི་མ་ཅལ་མངའ་སྡེ་དེ་བཞིན། རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ཀྱི་ཉེན་ཁ་ཆེ་བའི་ས་ཁོངས་སུ་ཚུད་མེད་པས། བོད་མི་ཚོས་ཐུགས་ཁྲལ་མ་གནང་རོགས་ཞེས་གསལ་བཤད་གནང་བ་དང་མཉམ། ང་ཚོའི་ཁྱིམ་མཚེས་གྲོང་གསེབ་ཁག་དང་བསྡུར་པ་ཡིན་ན་ཕྱི་ལ་འགྲོ་མཁན་མང་ཤོས་བོད་མི་ཆགས་ཡོད་པས། ཕྱི་ཟླ་ལྔ་པའི་རྗེས་སུ་རྒྱ་གར་ནང་གནམ་གྲུ་འཕུར་འགོ་བཙུགས་ཀྱང་བོད་མི་ཚོས་ཡིད་གཟབ་དང་ཕྱི་ལ་འགྲོ་མི་དགོས་པ་གཙོར་འདོན་གནང་དགོས་པ་ལས། ནད་ཡམས་དེར་སྨན་མ་རག་བར་འགོས་ནད་ཡིན་པ་མ་ཟད། རིམ་པས་རྒྱ་གར་ནང་ཡུལ་མི་ཕན་ཚུན་བརྒྱུད་འགོས་ཁྱབ་ཀྱི་རིམ་པ་བསླེབ་ཉེན་ཡོད་ཁར། ཕྱི་ཟླ་༥་པའི་ནང་ཞིང་པ་ས་ཡ་མང་པོས་སྟོན་ཐོག་འདེབས་ལས་དང་བསྡུ་བ་བཅས་བྱ་དགོས་པར་བརྟེན། སྤྱི་ཚོགས་རྒྱང་བཀྱེད་ལ་གུ་ཡངས་མ་བཏང་ག་མེད་ལྟ་བུ་ཡིན་པས། རྒྱ་གར་ནང་ཕྱི་ཟླ་ལྔ་བ་དྲུག་པ་བར་བོད་མི་ཚོ་ཕྱི་ལ་མི་འགྲོ་རྒྱུ་གལ་ཆེན་ཡིན་པ་གསལ་འདེབས་གནང་གི་འདུག
གཞན་ཡང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ནང་གི་བཙན་བྱོལ་བོད་མིའི་ཁྲོད་རྒྱ་ནག་ཝུའུ་ཧན་ནས་ཁྱབ་པའི་ཏོག་དབྱིབས་ནད་ཡམས་ཀྱིས་མནར་བཞིན་པའི་བོད་མི་གཅིག་ཀྱང་མེད་ཅེས་དང་། ད་བར་ཁོང་ཚོ་འབྲེལ་ཡོད་རྣམས་ཚོགས་འདུ་ཐེངས་བཅོ་བརྒྱད་ཙམ་འཚོགས་ཏེ་ལམ་སྟོན་གཏན་འབེབས་བྱས་ཡོད་ཅིང་། འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་རྣམས་སྡེ་ཚན་ཁག་བརྒྱད་ལ་ཆ་བགོས་ཀྱིས། ཅ་དངོས་མཁོ་སྒྲུབ་དང་དང་བླངས་ལས་མི་མཁོ་སྒྲུབ། ལུས་སེམས་གསོ་སྐྱོང་བྱེད་པ། ས་གནས་ཁག་ཏུ་ཟུར་བཀག་གྲ་སྒྲིག་འབྲེལ་བ་གནང་བ། ནད་ཡམས་འདིར་ལས་འཆར་རོགས་དངུལ་གྲ་སྒྲིག གྲངས་ཐོ་རྟོག་ཞིབ་དང་གསར་འགོད་དང་སློབ་གསོ་གནང་བ། གངས་སྐྱིད་རང་ལ་ནད་ཡམས་རྟོག་ཞིབ་བྱེད་པ་སོགས་ཚོགས་ཆུང་ཁག་བརྒྱད་ཀྱི་ཐོག་ནས། ཏོག་དབྱིབས་ནད་ཡམས་ཀྱི་སྔོན་འགོག་དང་སྲུང་སྐྱོབས་ཐད་འབད་བཞིན་པ་ངོ་སྤྲོད་གནང་སོང་།
གཞན་ཡང་ནང་སྲིད་དྲུང་ཆེ་དང་དྲིལ་བསྒྲགས་དྲུང་ཆེ། འཕྲོད་བསྟེན་དྲུང་ཆེ་གསུམ་གྱི་ཐོག་ནས་ཀྱང་ལྷན་ཁང་སོ་སོའི་འགན་བབས་ལས་དོན་སྐོར་ངོ་སྤྲོད་གནང་བ་དང་། ཏོག་དབྱིབས་ནད་ཡམས་སྔོན་འགོག་དང་དེ་ལས་ཉེན་སྲུང་བྱེད་པ། ཡང་ཛ་དྲག་གི་དུས་སྐབས་སུ་མང་ཚོགས་ནང་ལས་དོན་མང་པོ་འཐུས་ཤོར་མི་འགྲོ་ཆེད། ལས་དོན་གནང་བཞིན་པ་ཁག་གི་ལས་བསྡོམས་སོ་སོར་ངོ་སྤྲོད་གནང་ཡོད།

མཆན། (0)
Share
དྲ་གནས་ཆ་ཚང༌།