རྒྱ་ནག་གཞུང་གིས་ནད་ཡམས་ཁྱབ་གདལ་གྱི་གོ་སྐབས་སྤྱད་ནས་བཙན་བྱོལ་བོད་མིའི་བློ་ཁ་འགུག་ཐབས་བྱེད་ཀྱི་འདུག
2020.06.12
རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ཏོག་དབྱིབས་ནད་ཡམས་ཀྱི་གནས་བབ་བེད་སྤྱོད་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བློ་འགུག་ཐབས་ཀྱི་ལས་འགུལ་སྤེལ་བཞིན་འདུག
ཕྱི་ཟླ་ ༦ ་ཚེས་ ༡༢ ་ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཀྱི་མེས་རྒྱལ་དུ་ཚུར་ལོག་ཕྱིར་ལོག་བོད་མིའི་མཉམ་འབྲེལ་ལྷན་ཚོགས་ཟེར་བའི་སྒྲིགས་འཛུགས་དེས་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཌུའི་ནང་ཚོགས་པ་དེའི་མིང་སྦྱང་འཁོད་པའི་སྟོད་ཁུག་འགྲེམ་སྤེལ་བྱེད་བཞིན་འདུག་ཅིང་། དངོས་སུ་མིག་མཐོང་དཔང་པོ་ཞིག་གིས་འགྲེལ་བརྗོད་བྱུང་བར་གཞིགས་ན། སྟོད་ཁུག་དེའི་ནང་ཁ་རས་བཅུ་རེ་ཡོད་པའི་ཆག་པ་གསུམ་དང་། སྨན་བསངས་ཤོག་ཆག་གཅིག བོད་སྨན་ནག་པོ་དགུ་སྦྱོར་ཉི་ཤུ་རེ་ཡོད་འདུག
གནད་དོན་དབྱེ་ཞིབ་པ་ཚོས་འདི་ནི་རྒྱ་ནག་གཞུང་གིས་ཕྱིར་སྡོད་བོད་མིའི་བློ་ཁ་བསྒྱུར་ཐབས་ཀྱི་བྱ་སྤྱོད་ཞིག་ཡིན་པ་དང་། རྒྱ་ནག་དམར་པོའི་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ཁང་གིས་བོད་མི་ནང་ཁུལ་བར་དབྱེན་སྦྱོར་དཀྲུགས་ཤིང་བཟོ་ཐབས་སུ་དམིགས་པའི་ལས་འགུལ་གྱི་ཆ་ཤས་ཤིག་ཡིན་པ་བརྗོད་བཞིན་ཡོད་པ་རེད། བལ་ཡུལ་ནང་རྒྱ་ནག་གཞུང་གིས་བྱ་སྤྱོད་དེ་རིགས་འཛེམས་ཟོན་མེད་པར་སྤེལ་བཞིན་ཡོད་ལ། དེ་ཡང་རྒྱུན་དུ་བློ་མཐུན་ཚོགས་པ་ཟེར་བ་དེའི་ཐོག་ནས་འདི་དང་འདི་འདྲ་བའི་ལས་དོན་མང་དག་ཞིག་སྤེལ་བཞིན་ཡོད་འདུག
ཕྱི་ལོ་ ༢༠༡༩ ་ཟླ་བ་ ༡༢ ་ཚེས་ ༢༣ ་དང་ ༢༤ ་ཉིན་གཉིས་རིང་བོད་རང་སྐྱོང་ལྗོངས་ཀྱི་ཚུར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་གཉེན་ཉེའི་འཐུས་མི་ཚོགས་ཆེན་ཟེར་བའི་ཚོགས་ཆེན་གཉིས་པ་དེ་འཚོགས་སྐབས། རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་རྒྱུན་ལས་ཀྱི་འགོ་ཁྲིད་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཀྱི་དམར་ཤོག་ཚོགས་མིའི་གཙོ་འཛིན་ཏིང་ཡེ་ཤན་གྱིས། བོད་དུ་ཚུར་ལོག་མཁན་དང་ཕྱིར་སྡོད་བོད་མིའི་གཉེན་ཉེ་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་དྲིན་ཚོར་བ་དང་། དམར་ཤོག་ཚོགས་པའི་བཀའ་ལ་ཉན་པ། ཁ་བྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་དགོས་ལུགས་བརྗོད་ཡོད་པ་རེད་ལ། ལྷག་པར་དུ་ཕྱིར་སྡོད་བོད་མིའི་ཁྲོད་བོད་གསར་པའི་གཏམ་རྒྱུད་གང་ཡག་ཤོད་པ་དང་དྲིལ་བསྒྲགས་ཡང་ཡང་བྱེད་དགོས་ལུགས་བརྗོད་ཡོད་ཅིང་། གནད་དོན་དབྱེ་ཞིབ་པ་ཚོས་འཐབ་ཕྱོགས་གཅིག་གྱུར་ཁང་གི་དམིགས་ཡུལ་གཙོ་བོ་ནི། བོད་མི་ནང་ཁུལ་མི་མཐུན་པ་བཟོ་རྒྱུ་དེ་ཡིན་པ་བརྗོད་བཞིན་ཡོད་པ་རེད།
འདས་པའི་ཟླ་བ་འགའ་ཤས་ནང་རྒྱ་ནག་གཞུང་གི་བོད་རང་སྐྱོང་ལྗོངས་ཟེར་བ་བརྒྱུད་བལ་ཡུལ་ནང་ཏོག་དབྱིབས་རིམ་ནད་ཀྱི་གནས་བབས་ཀྱི་ཐོག་ནས་སྔོན་འགོག་ཡོ་བྱད་ཀྱི་མཐུན་རྐྱེན་རོགས་རམ་སྦྱོར་སྤྲོད་བྱེད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཡོད་པ་རེད། འོན་ཀྱང་བལ་ཡུལ་དང་བོད་ཀྱི་ས་མཚམས་གློ་སྨོན་ཐང་ཁུལ་དུ། བོད་རང་སྐྱོང་ལྗོངས་ཟེར་བས་མཁོ་སྤྲོད་བྱེད་པའི་མཐུན་རྐྱེན་ཡོ་བྱད་རླངས་འཁོར་བདུན་ཙམ་འབྱོར་བ་དེ་དག་དྭངས་ལེན་མ་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།