ཞི་ཅིན་ཕིང་གིས་དུས་སྐབས་གསར་པའི་ནང་དམག་དོན་གྱི་འཐབ་རྩོད་བྱ་རྒྱུའི་གྲ་སྒྲིག་དགོས་ལུགས་བརྗོད་འདུག

2019-01-05
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང༌།
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང༌།
ཨེ་ཨེཕ་པི།

༄༅། །ཕྱི་ཚེས་༤ཉིན་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་ལས་དོན་ལྷན་ཚོགས་ཐོག་རྒྱ་ནག་གི་འགོ་ཁྲིད་ཞིའི་ཅིང་བིང་གིས་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་དགོས་ལུགས་བརྗོད་ཡོད་པ་དང་།   དེ་ནི་ཐེ་ཝན་ཕྱོགས་སུ་བརྗོད་པའམ་ཡང་ན་ཉེ་བའི་ཆར་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ཉམས་གུད་འགྲོ་རྒྱུའི་མཚོན་རྟགས་ཡོད་པའི་བཤད་སྲོལ་ལས་མི་རྣམས་ཀྱི་དོ་སྣང་གཡོལ་ཐབས་ཆེད་ཡིན་མིན་ཐོག་ཕྱི་ཕྱོགས་ནས་ཚོད་དཔག་འདྲ་མིན་བྱེད་ཀྱི་ཡོད་པ་རེད།   རྒྱ་ནག་དམག་དོན་ལྷན་ཁང་གི་ལས་དོན་ལྷན་ཚོགས་དེའི་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་དམག་དོན་ལྷན་ཁང་གི་ཆེས་མཐོའི་འགོ་ཁྲིད་ཀྱི་མིང་ཐོག་ཚོགས་འདུ་གཙོ་སྐྱོང་བྱས་ཡོད་པ་དང་།  ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས་ད་ལྟའི་འཛམ་གླིང་དེ་བཞིན་ལོ་ངོ་བརྒྱའི་རིང་གི་འགྱུར་ལྡོག་ཆེན་པོ་ཞིག་ལ་གདོང་ལེན་བྱེད་དགོས་པ་ཞིག་ཆགས་ཡོད་ལུགས་དང་།  རྒྱ་ནག་ལ་ཡང་གལ་འགངས་ཆེ་བའི་འཐབ་བྱུས་ཀྱི་གོ་སྐབས་འོག་  ཚོད་དཔག་བྱ་དཀའ་བའི་ཉེན་ཚབས་དང་འགྲན་རྩོད་ཡང་མང་དུ་འགྲོ་བཞིན་ཡོད་ཅིང་།   དེར་བརྟེན་དུས་སྐབས་གསར་པའི་ནང་དམག་དོན་གྱི་འཐབ་རྩོད་གྲ་སྒྲིག་ལས་དོན་འཐུས་གུ་ཚང་བ་ཞིག་སྤེལ་དགོས་ཀྱི་ཡོད་ལུགས་བརྗོད་ཡོད་འདུག   ཞི་ཅིན་ཕིང་གིས་ད་དུང་དམག་འཐབ་ཀྱི་གྲ་སྒྲིག་ནུས་པ་མཐོ་རུ་བཏང་ནས་གལ་སྲིད་གནས་ཚུལ་བྱུང་ཚེ་ཕྲལ་དུ་ཁ་གཏད་ཀྱི་ནུས་པ་བཏོན་ཐུབ་པ་དགོས་རྒྱུ་མ་ཟད།  ཁྱོན་ཡོངས་ནས་མཉམ་འབྲེལ་དམག་འཐབ་ནུས་པ་དང་།  མཉམ་འབྲེལ་དམག་འཐབ་ཀྱི་བཀོད་ཇུས་ནུས་པ།   དེང་དུས་ཀྱི་དམག་འཐབ་ནུས་པ་མཐོ་རུ་བཏང་དགོས་ལུགས་སོགས་བརྗོད་ཡོད་འདུག   རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིིང་གིས་ད་རེས་དམག་དོན་ལྷན་ཁང་གི་ལས་དོན་ལྷན་ཚོགས་ཐོག་དམག་འཐབ་གྲ་སྒྲིག་བྱ་དགོས་ལུགས་ཀྱི་གཏམ་བཤད་སྤེལ་ཡོད་པའི་ཐད་གནད་དོན་དབྱེ་ཞིབ་པ་མང་པོས་རྒྱ་ནག་གཞུང་ལ་དེང་སྐབས་གལ་འགངས་ཆེ་བའི་གནད་དོན་གདོང་ལེན་བྱེད་དགོས་པ་ཞིག་ནི་དཔལ་འབྱོར་གྱི་གནད་དོན་ཡིན་པ་དང་།  དམིགས་བསལ་ཨ་རི་དང་རྒྱ་ནག་དབར་ཚོང་དོན་རྩོད་རྙོག་གིས་རྒྱ་ནག་ལ་དཔལ་འབྱོར་དང་ཆབ་སྲིད་ཕྱོགས་གཉིས་ནས་དཀའ་ངལ་འཕྲད་བཞིན་པར་གདོང་ལེན་གྱིས་རྒྱལ་ནང་གི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཡིན་པ་ལས།  དམག་འཐབ་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུའི་དུས་སྐབས་མིན་པ་མ་ཟད།  ད་ལྟའི་རྒྱ་ནག་གི་དམག་འཐབ་ནུས་པ་དེ་བཞིན་ཕྱི་རྒྱལ་དང་དམིགས་བསལ་ཨ་རི་ལྟ་བུར་ཐད་ཀར་གདོང་ཐུགས་ཀྱི་ཁ་གཏད་གཅོག་ཐུབ་པའི་དམག་འཐབ་ནུས་པ་མེད་པར་བརྟེན།  ཞི་ཅིན་ཕིང་གི་གཏམ་བཤད་དེ་བཞིན་གཙོ་བོ་རྒྱ་ནག་གི་དམག་དཔུང་ནང་ཁུལ་དུ་ཞི་ཅིན་ཕིང་རང་ཉིད་ཀྱི་སྟངས་འཛིན་ནུས་པ་ཡོད་པ་བཏོན་རྒྱུའི་ཆེད་སྤེལ་བ་ཞིག་ཡིན་པའི་བསམ་ཚུལ་བརྗོད་ཀྱི་ཡོད་པ་རེད།།
གསར་འགོད་པ་འཆི་མེད།

མཆན། (0)
Share
དྲ་གནས་ཆ་ཚང༌།