ཡུ་གུར་བ་ཚོ་ཤིན་ཅང་རང་སྐྱོང་ལྗོངས་ཟེར་བ་ནས་ཕྱིར་ཐོན་མི་ཆོག་པའི་བཀག་རྒྱ་བསྡམས་འདུག

2022.10.06
ཡུ་གུར་བ་ཚོ་ཤིན་ཅང་རང་སྐྱོང་ལྗོངས་ཟེར་བ་ནས་ཕྱིར་ཐོན་མི་ཆོག་པའི་བཀག་རྒྱ་བསྡམས་འདུག རྒྱ་ནག་གཞུང་གིས་ཡུ་གུར་བར་ནད་ཡམས་དང་འབྲེལ་ཕྱོགས་གང་ས་ནས་དམ་དྲག་བྱེད་བཞིན་པའི་མཚོན་དོན་རི་མོ།
RFA

དེ་ཡང་རྒྱ་ནག་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠པ་འཚོགས་ལ་ཉེ་བའི་སྐབས་འདིར། བོད་ཀྱི་རྒྱལ་ས་ལྷ་སར་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་ཁྱིམ་སྡོད་བཀག་རྒྱ་བསྡམས་པ་མ་ལྷོད་པར་ཉིན་གྲངས་༥༦ཕྱིན་ཡོད་པ་དང་། འདི་ཚེས་༦གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་འབྲེལ་གྱིས་ཡུ་གུར་བ་ཚོ་ཤིན་ཅང་རང་སྐྱོང་ལྗོངས་ནས་ཕྱིར་ཐོན་བསྐྱོད་མི་ཆོག་པའི་དམ་དྲག་བྱས་འདུག
ཤིན་ཅང་རང་སྐྱོང་ལྗོངས་མངའ་ཁུལ་གྱི་ཊུར་ཀི་ཁ་ཆེའི་མི་རིགས་གནས་སྡོད་བྱེད་སའི་ཁུལ་དུ་ཉེ་ལམ་སྤྱི་ཟླ་བརྒྱད་པ་ཙམ་ནས་བཟུང་། ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་ཁྱིམ་སྡོད་བཀག་རྒྱ་བསྡམས་པའི་རིང་། མི་མང་ལ་བཟའ་བཅའ་མ་རག་པ་དང་ཟས་བཅུད་ཞན་པའི་རྐྱེན་གྱིས་ནད་པ་མང་པོ་བྱུང་བའི་ཁྲོད། ཁ་ཤས་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་མེད་པར་རྐྱེན་འདས་སུ་ཕྱིན་པའི་དཀའ་ངལ་མང་པོ་འཕྲད་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་གྱིས་གནས་ཚུལ་སྤེལ་འདུག
གནས་ཚུལ་ནང་། ཤིན་ཅང་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་གཞོན་པ་(Liu Sushe)་ཡིས་གཟའ་མིག་དམར་ཉིན་གསར་འགོད་གསལ་བསྒྲགས་སྐབས། ནད་ཡམས་སྔོན་འགོག་གི་ལས་དོན་དེ་ཚོ་གཞུང་གི་བཀའ་སྲུང་ཅི་སྒྲུབ་དགོས་བ་བརྗོད་པ་དེ་ནི་དོན་དམ་རིང་མིན་རྒྱ་ནག་གི་དམར་ཕྱོགས་ཚོགས་ཆེན་ཐེངས་༢༠པ་དེ་ཞི་འཇམ་ངང་འཚོགས་ཐུབ་རྒྱུའི་ཆེད་དུ་ཡིན་པ་དང་། ད་བར་རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་ཀྱི་ཐོག་ནད་ཡམས་ཁ་ལ་འཁྱེར་ནས་དམ་དྲག་གི་སྲིད་ཇུས་རབ་དང་རིམ་པ་སྤེལ་བ་བརྒྱུད་ཡུ་གུར་མི་མང་གི་ཚེ་སྲོག་ཤོར་བ་སོགས་དཀའ་ངལ་མང་པོ་འཕྲད་ཡོད་པ། ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་ཡུ་གུར་མི་རིགས་ཀྱི་ཐོབ་ཐང་དང་ལས་འགུལ་སྤེལ་མཁན་ཚོགས་པའི་ཚོགས་གཙོ་(Rushan Abbas)་དང་། དེ་བཞིན་ཇར་མི་ནིའི་ནང་ཡོད་པའི་འཛམ་གླིང་ཡུ་གུར་གྲོས་ཚོགས་ཀྱི་གཙོ་འཛིན་(Dolkun Isa)་གཉིས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་ལ་ངོ་སྤྲོད་གནང་འདུག

བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༡༠།༦ཉིན་རྒྱབ་བར།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༡༨༣༦༨ ༡༨ ༡༨ ༡༨༣༨༦

བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༡༠།༥ཉིན།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༡༨༣༢༨ ༤༠ ༣༦ ༡༨༣༦༨

དེ་བཞིན་རྒྱ་ནག་གཞུང་གིས་འབོད་པའི་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་བོད་ཀྱི་ས་ཁུལ་གང་སར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གྲངས་འབོར་མུ་མཐུད་དུ་འཕར་བཞིན་པ་དང་། འདི་ཚེས་༦ཉིན་གྱི་ཉིན་རྒྱབ་བར། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་འགོས་ཡོད་པའི་ནད་རྟགས་ཅན་ཐོན་མེད་ན་ཡང་། ནད་རྟགས་མ་མངོན་པའི་ནད་པ་༡༨མང་དུ་ཕྱིན་ཡོད་པ་རྣམས་ལྷ་ས་གྲོང་ཁྱེར་དུ་ཡིན་འདུག གཞན་དེའི་སྔར་ཉིན་སྤྱི་ཚེས་༥ཉིན་གྱི་ཆུ་ཚོད་ཉེར་བཞིའི་རིང་། བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཕོག་པ་ནད་རྟགས་ཅན་༤མང་དུ་ཕྱིན་ཡོད་པ་དང་། ནད་རྟགས་མེད་པའི་ནད་པ་༣༦མང་དུ་ཕྱིན་ཡོད་པ་ནས་མང་པོ་ཞིག་ལོགས་བཀར་ལྟ་སྡོམ་ཁུལ་ནས་ཤེས་རྟོགས་བྱུང་བ། བོད་རང་སྐྱོང་ལྗོངས་ཟེར་བའི་གཞུང་འབྲེལ་གསར་ལམ་གྱིས་བསྒྲགས་འདུག་པ་ལྟར། ནད་ཡམས་འགོས་ཁྱབ་བྱུང་བ་ནས་བསྡོམས་རྩིས་བྱས་ན་འདི་ཚེས་༦ཉིན་གྱི་ཉིན་རྒྱབ་ཆུ་ཚོད་གཉིས་བ་བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༨༣༨༦ཟིན་འདུག་ལ། དེའི་ཁྲོད་ནས་མང་པོ་ཞིག་དྲག་སྐྱེད་བྱུང་ནས་ས་ཁུལ་འདྲ་མིན་གྱི་ལོགས་བཀར་སྨན་ཁང་ནས་ཐོན་དང་ཐོན་བཞིན་པ་ཡང་བསྒྲགས་འདུག
དེ་ལྟར་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ལྟར། ད་དུང་ཡང་འདི་ཚེས་༦ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་འབྲིང་ཁུལ་༢༧ཡོད་པ་བསྒྲགས་འདུག་ལ། ནད་པ་དང་ཕྱོགས་འདྲ་མིན་ནས་འབྲེལ་འདྲིས་བྱུང་བ་མི་མང་པོ་ད་དུང་ཡང་གཅིག་བསྡུས་ཐོག་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་བཞིན་ཡོད་འདུག
བོད་རང་སྐྱོང་ལྗོངས་ཟེར་བས་མཚོན་བོད་ཀྱི་ས་ཁུལ་ཁག་ཏུ་(Covid-19)་ཏོག་དབྱིབས་རིམས་ནད་རྣམ་པ་འགྱུར་བ་(Omicron)་ཟེར་བ་འགོས་ཁྱབ་ཤུགས་ཆེར་སོང་བ་དང་བསྟུན། བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གཞུང་གིས་ཡོངས་སུ་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་ཉིན་གྲངས་༥༦འགྲོ་བཞིན་ཡོད་པ་དང་། དེའི་རིང་རྒྱ་ནག་གཞུང་གིས་ས་གནས་སུ་ནད་ཡམས་རྩ་མེད་བཟོ་བའི་སྲིད་ཇུས་ལག་བསྟར་བྱས་ནས་ས་གནས་གང་སར་ཕྱོགས་འདྲ་མིན་ནས་དམ་དྲག་དང་བཀག་སྡོམ་བྱས་ཡོད་རྐྱེན། ཁ་གསལ་ཡོད་མིན་ལ་མ་བལྟོས་བར་འདི་ག་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་བཏོན་པ་ཙམ་ལས། དོན་དངོས་བོད་ཀྱི་ས་ཁུལ་སྤྱི་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་གྲངས་འབོར་དང་དངོས་ཡོད་གནས་སྟངས་གསལ་བོ་རག་ཁག་པོ་ཡོད་པ་དང་། ས་གནས་བོད་མིའི་ཁྲོད་ནད་པའི་གྲངས་འབོར་དེ་གཞུང་གིས་བསྒྲགས་པ་ལས་ལྡབ་མང་པོ་མང་བ་ཡོད་པ་བརྗོད་མཁན་འདུག
དེ་བཞིན་རྒྱ་ནག་ཧ་ནན་ཞིང་ཆེན་ནང་གནས་སྡོད་བྱེད་མཁན་Jiang ཟེར་བའི་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་བར་ས་གནས་འགའ་ཤས་ཀྱི་སར་གལ་ཏེ་ཏོག་དབྱིབས་ནད་རྟགས་ཡོད་པའི་མི་རྩིས་སྤྲོད་བྱེད་མཁན་ལ་དངུལ་གྱི་གཟིགས་གསོས་སྤྲོད་པ་སོགས་བྱེད་ཀྱི་ཡོད་པ་དང་དེ་བཞིན་ད་ཆ་ཨན་ཧུད་ཞིང་ཆེན་གྱི་ཕྷུ་ཡང་གྲོང་ཁྱེར་དམ་བསྒྲགས་བྱས་ཏེ་ཡུལ་མི་ཕྱིར་བསྐྱོད་མི་ཆོག་པའི་ཁྲིམས་བཀོད་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག

གསར་འགོད་པ། ཕྲ་རིང་བསྟན་ནོར། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་བོད་དོན་ཁྲིམས་འཆར་ལ་སྲིད་འཛིན་གྱི་མཚན་རྟགས་ཞུ་ཆེད་སྲིད་འཛིན་ལས་ཁུངས་སུ་འགོད་འབུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་དབྱིངས་སྐྱིད་ལགས་ཡང་བསྐྱར་ཨོ་ལིམ་པིཀསི་རྩེད་འགྲན་ནང་ཞུགས་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎