རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་ལོ་གསར་གསུང་འཕྲིན།

རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་ལོ་གསར་གསུང་འཕྲིན། བོད་ཆུ་སྟག་ལོའི་གནམ་ལོ་གསར་ཚེས་ཀྱི་དུས་བཟང་འདི་ལ་གཞིས་བྱེས་གཉིས་སུ་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་ལོ་གསར་པའི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། གནམ་ལོ་གསར་པ་འདིའི་ནང་རྣམ་པ་ལྷན་རྒྱས་ཚང་མ་སྐུ་ཁམས་གསལ་ཐང་ཡོང་བ་དང་། བྱ་བ་ལམ་འགྲོ་ཡོང་བ། བདེ་སྐྱིད་ཕུན་སུམ་ཚོགས་པའི་སྨོན་འདུན་ཞུ་རྒྱུ་ཡིན། ལྷག་པར་དུ་གནམ་ལོ་གསར་པ་འདིའི་ནང་རང་རེ་དབུ་ནག་བོད་མི་ཡོངས་ཀྱི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་མགོན་པོ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་ཅི་ཡོད་ཐམས་ཅད་འབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན། དེ་བཞིན་དུ་བསྟན་པ་རིས་མེད་ཀྱི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཐམས་ཅད་ཀྱང་སྐུ་ཚེ་བརྟན་པ་དང་མཛད་འཕྲིན་རྒྱས་པ། དགེ་འདུན་གྱི་སྡེ་ཐམས་ཅད་ཀྱང་ཐུགས་མཐུན་ཁྲིམས་གཙང་ཡོང་བ། དེ་བཞིན་བོད་གངས་ཅན་ལྗོངས་ཀྱི་རིས་སུ་གཏོགས་པ་ཐམས་ཅད་ཀྱང་ཆོལ་ཁ་དང་། ཆོས་ལུགས་དང་། ལུང་ཚན་སོགས་ཀྱི་དབྱེ་བ་མེད་པར་ཐམས་ཅད་མཐུན་པའི་ལག་གདང་གཅིག་ཏུ་སྦྲེལ་ནས་ཁྱིམ་ཚང་གཅིག་གི་ཕུ་ནུ་མིང་སྲིང་བཞིན་དུ་བློ་རྩ་བརྟན་པོ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན། དེ་དག་གི་མཐུ་ལ་བརྟེན་ནས་རང་རེ་རྣམས་ཀྱི་སྙིང་ལ་བརྣགས་པའི་འདོད་དོན་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་མྱུར་དུ་འཆར་བ་དང་། བདེ་སྐྱིད་རང་དབང་གི་སྣང་བ་གསར་པ་མྱུར་དུ་འཆར་ཐུབ་པའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།