མཉམ་འབྲེལ་རྒྱལ་ཚོཊ་ཀྱི་མདུན་བོད་མི་ལས་འགུལ་བ་གསུམ་དོ་དམ་བྱས་རྗེས་གློད་བཀྲོལ་བཏང་འདུག

རྒྱལ་ཚོགས་ཀྱི་རྒྱལ་སྒོའི་མདུན་རང་ཉིད་བཅིངས་ཏེ་ངོ་རྒོལ་གནང་པ་དང་མུ་མཐུད་ལས་འགུལ་སྤེལ་གྱི་ཡིན་གསུངས་པ།

རྒྱལ་ཚོཊ་ཀྱི་མདུན་དུ་རྔམ་སྟོན་ལས་འགུལ་སྤེལ་བའི་སྐབས་བོད་མི་གསུམ་དོ་དམ་བྱས་རྗེས་གློད་འདུག

བོད་མི་ལས་འགུལ་བ་བློ་དགའ་རང་བཙན་ལགས་ཀྱིས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་མདུན་དུ་རང་ལུས་མེར་བསྲེགས་གནང་སྟེ་ཕྱི་ཟླ་ ༧ ཚེས་ ༩ ཉིན་མོར་གཟའ་འཁོར་གཅིག་འཁོར་བའི་དུས་ཚིགས་ལ་ས་གནས་ནིའུ་ཡོག་ཏུ་བོད་མི་ཚོས་རྔམ་སྟོན་སྐད་འབོད་གནང་པ་དང་། བློ་དགའ་རང་བཙན་ལགས་ཀྱིས་དགོས་འདུན་བཞིན་རྒྱ་ནག་བོད་ནས་ཕྱིར་འབུད་གཏོང་དགོས་པའི་དགོས་འདུན་གྱི་འབོད་སྒྲ་སྒྲོག་ཡོད་ཅིང་། བོད་པའི་གཞོན་སྐྱེས་གསུམ་གྱིས་རྒྱལ་ཚོཊ་ཀྱི་རྒྱལ་སྒོར་རང་ཉིད་ལྕགས་ཐག་རྒྱབ་སྟེ་ངོ་རྒོལ་གནང་ཡོད་པ་དང་། ཁོང་གསུམ་ནིའུ་ཡོག་ས་གནས་ཉེན་རྟོག་པས་དོ་དམ་བྱས་ཏེ་ཁྲིད་ཡོད་ཀྱང་། ཁོང་ཚོར་ཉེས་པ་ཁ་ཤས་བཙུགས་ཏེ་ཆུ་ཚོད་གསུམ་ཙམ་རིང་བཀག་ཉར་གྱིས་གློད་བཀྲོལ་བཏང་ཡོད་པ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་བར་བརྒལ་ཚོགས་གཙོ་བསྟན་འཛིན་སྨིན་ལེགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ཁོང་གིས་མུ་མཐུད་གསུངས་དོན་ལྟར་ན། བོད་མི་ཚོས་ལས་འགུལ་མུ་མཐུད་སྤེལ་ཏེ་བློ་དགའ་རང་བཙན་ལགས་ཀྱིས་བློས་གཏོང་གནང་པ་དེ་ཆུད་ཟོས་སུ་མི་འགྲོ་བ་བྱེད་ཀྱི་ཡིན་ཞེས་གསུངས་བྱུང་། རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་རྒྱལ་སྒོར་རང་ཉིད་ལྕགས་ཐག་རྒྱག་མཁན་བོད་མི་ལས་འགུལ་བ་གསུམ་ནི་བསྟན་འཛིན་ཚེ་བརྟན་དང་། བསྟན་འཛིན་དཀོན་མཆོག ཚེ་ལྷ་རྫོགས་སངས་བཅས་རེད་འདུག

བློ་དགའ་རང་བཙན་ལཊ་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་གཟའ་འཁོར་གཅིག་སོང་པ། ༢༠༢༦།༧།༩
བོད་མི་ལས་འགུལ་བ་དོ་དམ་བྱེད་བཞིན་པ། བློ་དགའ་རང་བཙན་ལཊ་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་གཟའ་འཁོར་གཅིག་སོང་པ། ༢༠༢༦།༧།༩ (REUTERS)

སྨིན་ལེགས་ལགས་ཀྱིས། རྔམ་སྟོན་ལས་འགུལ་གོ་སྒྲིག་གནང་པའི་དམིགས་ཡུལ་ནི་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་བོད་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་དོན་སྙིང་ལྡན་པའི་དོ་སྣང་དང་གོམ་སྟབས་ཤིག་དངོས་སུ་སྤོ་དགོས་པའི་སྐུལ་མ་ཡོང་ཐབས་ཡིན་ཞེས་བརྗོད་བྱུང་། ཁོང་གིས་ད་དུང་། བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་བའི་རྗེས། མཉམ་སྦྲེལ་རྒྱལ་ཚོགས་ནས་དེར་འོས་འཚམས་ཀྱི་དོ་སྣང་བྱེད་ཀྱི་མེད་པ་ཞིག་སྣང་ཚུལ་བྱུང་ཡོད་པར་བརྟེན་ལས་འགུལ་འདི་ཡ་ལན་གྱི་ཚུལ་དུ་སྤེལ་བ་ཡིན་ཞེས་གསུངས་བྱུང་།ཕྱི་ཚེས་ ༦ ཉིན་རྒྱལ་ཚོགས་ཀྱི་མགྲིན་ཚབ་པ་ཞིག་གིས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་སྐབས། བོད་དང་རྒྱ་ནག་ཅེས་མ་འབོད་པར། གྲངས་ཉུང་མི་རིགས་ཚོར་རྒྱལ་ཁབ་གཅིག་གི་ཆ་ཤས་སུ་ཚུད་པའི་ལྟ་སྤྱོད་འཛིན་དགོས་པ་དང་བློ་དགའ་རང་བཙན་གྱི་ནང་མིར་མྱ་ངན་ཞུ་གི་ཡོད་སྐོར་བརྗོད་པ་ལས། བོད་ནང་དི་བོད་མིའི་གནད་དོན་སྐོར་གླེང་སློང་གླེང་མེད་པ་རེད།

དེར་བརྟེན་རྒྱལ་ཚོགས་ཀྱིས་བོད་མིའི་གནད་དོན་ཐད་གླེང་སློང་བྱེད་པ་ཙམ་གྱིས་མི་འགྲིག་པར་དོན་དངོས་ཀྱི་ཡ་ལན་བྱེད་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད་ཅེས་སྨིན་ལེགས་ལགས་ཀྱིས་མུ་མཐུད་གསུངས་བྱུང་།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་རང་གི་ཚེ་སྲོག་བློས་གཏོང་མི་གནང་རོགས་ཞེས་འབོད་སྐུལ་གནང་པ།

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་བློ་དགའ་རང་བཙན་གྱི་གནས་ཚུལ་ཐད་བློ་ཕམ་ཡོད་པ་གསུངས་པ་དང་སྦྲགས། བོད་མི་ཚོས་རྒྱལ་ཚོགས་ལ་ཞུ་སྐུལ་གྱི་ཐབས་ལམ་གཞན་མང་པོ་ཡོད་པས། རང་གི་ཚེ་སྲོག་བློས་གཏོང་མ་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག

དེ་ཡང་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་མགྲིན་ཚབ་པས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལན་འདེབས་གནང་པའི་ནང་། མི་སྒེར་དང་སྤྱི་མང་གི་ཚོགས་སྡེ་གང་ཞིག་ཡིན་རུང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཐད་ཞུ་གཏུག་དང་གོ་བསྡུར་བྱེད་པའི་བརྒྱུད་རིམ་སྣ་མང་ཡོད་པ་སྟེ། དམིགས་བསལ་ལས་དོན་གྱི་བརྒྱུད་རིམ་ཆེད་འགོད་འབུལ་དང་། འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ལ་ཞུ་སྙན་འབུལ་བའི་ལམ། རྒྱལ་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་ཀྱི་འགྲོ་ལུགས་བཅས་ཡོད་པ་རེད་གསུངས་འདུག་ལ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱིས་བོད་མིའི་ཐོབ་ཐང་དང་མི་རིགས་སོ་སོའི་ངོ་བོ་རྣམས་རང་དབང་གི་སྒོ་ནས་གསལ་སྟོན་བྱེད་རྒྱུའི་རང་དབང་ཚུད་པའི་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་གི་ཐོབ་ཐང་ཐད་མུ་མཐུད་འཐབ་རྩོད་བྱེད་ཀྱི་རེད་ཅེས་གསུངས་པ་དང་མཉམ། འབྲེལ་ཡོད་ཚང་མར་རང་ཉིད་ལ་གནོད་པའི་ཚེ་སྲོག་ཤོར་བའི་ལས་འགུལ་ལ་མ་འཇུག་རོགས་ཞེས་འབོད་སྐུལ་གནང་གི་འདུག

ཁ་སྣོན། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་ཡ་ལན་གནས་ཚུལ། ༢༠༢༦།༠༧།༡༠

ཁ་སྣོན་གསར་འགོད་པ། བཀྲ་དབང་།

བརྙན་ཐུང་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།