ཨོསི་ཊརེ་ལི་ཡར་གནས་སྡོད་བོད་མི་རྣམས་ཀྱིས་ཟས་བཅས་ངོ་རྒོལ་དང་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག
ཨོསི་ཊརེ་ལི་ཡར་གནས་སྡོད་བོད་མི་རྣམས་ཀྱིས་ལས་འགུལ་སྣ་མང་བརྒྱུད། ས་གནས་གཞུང་ངོས་ནས། བོད་མི་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་དགོས་དམིགས་ཀྱི་གནད་དོན་དང་འབྲེལ་རྒྱ་ནག་གཞུང་ལ་ཐེར་འདོན་གྱིས་བོད་དོན་རྒྱབ་སྐྱོར་གནང་དགོས་པའི་དགོས་འདུན་བཏོན་བཞིན་འདུག
དེ་ཡང་ཝིཀི་ཊོ་རི་ཡ་ (Victoria) བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་ཝིཀི་ཊོ་རི་ཡ་ (Victoria) མངའ་ཁུལ་གྱི་བོད་མི་ཁག་ཅིག་གིས། ཨོསི་ཊརེ་ལི་ཡའི་གྲོང་ཁྱེར་མེལ་སྦོརཎ་(Melbourne) ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་མདུན་དུ། ཆུ་ཚོད་ ༢༤ ཡི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། དེ་འབྲེལ་ཨོསི་ཊརེ་ལི་ཡའི་བོད་དོན་ལྷན་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཁང་གསར་བསྟན་འཛིན་བློ་བཟང་ལགས་ཀྱིས། ཨོསི་ཊརེ་ལི་ཡའི་གཞུང་དང་། མཉམ་འབྲེལ་རྒྱལ་ཚོགས། འཛམ་གླིང་གི་དབུ་ཁྲིད་རྣམས་ཀྱིས་བོད་དོན་གྱི་ཆེད་དུ་བཀའ་མོལ་གནང་དགོས་པ་དང་། དེ་ཡང་རྒྱ་ནག་གཞུང་གིས་བོད་ནང་དུ་རིག་གཞུང་བཙན་བསྒྱུར་གྱི་སྲིད་བྱུས་སྤེལ་བཞིན་པར་ངོ་རྒོལ་དང་། བོད་ཀྱི་སྐད་དང་། རིག་གཞུང་། ཆོས་ལུགས་བཅས་པ་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་པ་གསུང་གི་འདུག
བོད་མི་ལས་འགུལ་བ་རྣམས་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་བཞིན་ཕྱི་ཟླ་ ༧ ཚེས་ ༨ རེས་གཟའ་ལྷག་པའི་ཉིན་གྱི་སྔོ་དྲོ་ཆུ་ཚོད་ ༡༠ པའི་ཐོག་འགོ་འཛུགས་ཀྱིས། ཕྱི་ཚེས་ ༩ རེས་གཟའ་ཕུར་བུའི་ཞོགས་པའི་ཆུ་ཚོད་ ༡༠ པར་མཇུག་སྒྲིལ་གྱི་ཡོད་པ་རེད།

ཨོསི་ཊརེ་ལི་ཡའི་གྲོང་ཁྱེར་སིཌ་ནི་ (Sydney) ནང་དུ་མཚོན་ན་བོད་མི་འབོར་ཆེན་ཞིག་གིས་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག དེ་འབྲེལ་ཨོསི་ཊརེ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་འཛོའི་སྦེཌ་ཕོརཌི་ (Zoe Bedford) ལགས་ཀྱིས། ཨོསི་ཊརེ་ལི་ཡའི་ནང་ད་ལྟའི་ཆར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྣ་མང་འགྲོ་བཞིན་ཡོད་པ་ནི། གཙོ་བོ་ཨོསི་ཊརེ་ལི་ཡར་གནས་སྡོད་བོད་མི་རྣམས་ཀྱིས་ཨོསི་ཊརེ་ལི་ཡའི་གཞུང་དང་འཛམ་གླིང་མཉམ་འབྲེལ་རྒྱ་ཚོགས་ལ། བོད་མི་བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་གནང་བ་དང་འབྲེལ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་དང་བོད་སྐོར་ཐེར་འདོན་དགོས་པ་ཞུ་སྐུལ་ཆེད་དུ་ཡིན་པས། མཉམ་འབྲེལ་རྒྱལ་ཚོགས་ངོས་ནས་གནད་དོན་དེ་བཞིན་སྣང་མེད་དུ་བཏང་མི་ཉེན་ལ། རྒྱ་ནག་གཞུང་གིས་ཀྱང་བློ་དགའ་ལགས་འདས་གྲོངས་སུ་གྱུར་བའི་འགན་དེ་རྒྱ་ནག་གཞུང་ལ་ཡོད་པ་ངོས་ལེན་བྱེད་དགོས་ཞེས་གསུང་གི་འདུག

ཨོསི་ཊརེ་ལི་ཡའི་ནང་གི་ལས་འགུལ་གཞན་ཞིག་ནི། འདི་ཚེས་ ༡༦ ཉིན་དྲྭ་ཐོག་གི་བོད་དོན་ཞུ་གཏུག་ལས་འགུལ་ “Light One Candle for Lobga Rangzen” བློ་དགའ་རང་བཙན་ལགས་ཀྱི་ཆེད་དུ་མར་མེ་གཅིག་སྤར་དང་ཞེས་འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་མར་མེ་གཅིག་སྤར་བའི་པར་དང་བརྙན་ཞིག་སྤྱི་ཚོགས་དྲྭ་ལམ་ཐོག་སྤེལ་ཏེ། བོད་ཀྱི་སྐད་དང་རིག་གཞུང་ངོ་བོ་བཅས་པ་སྲུང་སྐྱོབ་ཐད་མཉམ་གནས་ཡོད་པ་མཚོན་ཐབས་བྱ་རྒྱུ་དེར་དམིགས་བཞིན་ཡོད་འདུག
རྩ་བའི་ཨོསི་ཊརེ་ལི་ཡའི་ནང་མཚོན་ན་བོད་མི་ཆབ་སྲིད་བཙོན་པ་དང་། ཆབ་སྲིད་འབྲེལ་ཆགས་པ་བཅས་རྒྱ་ནག་གཞུང་གི་དཀའ་སྡུག་འོག་ཐད་ཀར་སྡུག་སྦྱོང་མྱངས་ཏེ་བྲོས་བྱོལ་དུ་ཡོང་མཁན་མང་པོ་གནས་ཡུལ་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་རིགས་མཐུན་སྒྲིལ་སྐུལ་སྤེལ་གྱི་ཁྲིམས་དེའི་དོན་ཚན་ ༦༣ ནང་དུ་རྒྱལ་མཚམས་བརྒལ་ནས་སྟངས་འཛིན་བྱེད་པའི་ཆ་རྐྱེན་བསྐྲུན་ཡོད་པས། ཕྱི་རྒྱལ་དུ་གནས་སྡོད་བོད་མི་ཚོར་ཉེན་ཁ་ཞིག་ཆགས་ཀྱི་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
