ཨ་རིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་རེ་སྐུལ་གནང་བ།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་བོད་དོན་གླེང་པར་རྒྱ་ནག་གི་མགྲིན་ཚབ་པས་བོད་དོན་ལ་ཐེ་ཇུས་བྱ་རྒྱུ་མཚམས་འཇོག་དགོས་པ་བརྗོད་འདུག

ཨ་རིའི་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ལ་རྒྱབ་སྐྱོར་དང་། དེ་བཞིན་ཁོང་ཚོའི་རྟེན་འབྲེལ་མཛད་སྒོ་དང་ཐུན་མོང་མ་ཡིན་པའི་རིག་གཞུང་། སྐད་ཡིག ཆོས་ལུགས་བཅས་སྲུང་སྐྱོབ་བྱེད་པའི་འདུན་པར་རྒྱབ་སྐྱོར་ཡོད་པ་མ་ཟད། ད་དུང་ཁོང་ཚོས་འཇིགས་སྣང་མེད་པའི་ཐོག་ནས་བྱེད་སྒོ་འདི་དག་སྤེལ་རྒྱུར་རྒྱབ་སྐྱོར་ཡོད་པ་ཕྱི་ཟླ་ ༧ ཚེས་༨ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཞིག་གི་མཚན་འཁོད་ཡོངས་ཁྱབ་གནས་ཚུལ་བརྗོད་པ་ཞིག་རོའི་ཊརསི་གསར་སྤེལ་ཁང་གིས་ལུང་འདྲེན་བྱས་འདུག

ཡང་གནས་ཚུལ་ནང་ཨ་རིས་རྒྱ་ནག་གཞུང་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ཁོང་གི་སྐུ་ཚབ། དེ་བཞིན་དམངས་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་བོད་མིའི་དབུ་ཁྲིད་ཚོ་དང་མཉམ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཐད་ཀར་གྲོས་མོལ་བསྐྱར་གསོ་བྱེད་དགོས་པའི་རེ་སྐུལ་མུ་མཐུད་བྱ་རྒྱུ་ཡིན་པ་དང་། དེ་ནི་བོད་རྒྱ་ཕན་ཚུན་ལྟ་བ་མི་མཐུན་པ་རྣམས་ཞི་བའི་ཐབས་ལམ་ཐོག་ནས་སེལ་ཐབས་དང་། བོད་མི་ཚོར་དོན་སྙིང་ལྡན་པའི་རང་སྐྱོང་ཐོབ་ཐང་འཚོལ་བའི་ཆེད་དུ་ཡིན་པ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གསལ་བསྒྲགས་ནང་བཀོད་འདུག

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་བོད་དོན་གླེང་པར་རྒྱ་ནག་གི་མགྲིན་ཚབ་པས་བོད་དོན་ལ་ཐེ་ཇུས་བྱ་རྒྱུ་མཚམས་འཇོག་དགོས་པ་བརྗོད་འདུག
ཨ་རིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་རེ་སྐུལ་གནང་བ། རྒྱ་ནག་གི་མགྲིན་ཚབ་པ་མའོ་ཉིང་གིས་ཚེས་ ༩ ཉིན་གསར་འགོད་ལྷན་ཚོགས་ཐོག་བོད་དོན་གླེང་བ། (REUTERS)

རྒྱ་ནག་གི་མགྲིན་ཚབ་པས་བོད་དོན་ཐད་ཐེ་ཇུས་བྱ་མི་རུང་བརྗོད་པ།

ཕྱི་ཚེས་ ༩ རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་མའོ་ཉིང་གིས་རོའི་ཊརསི་གསར་སྤེལ་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་སྐབས་བོད་ཀྱི་ལས་དོན་ནི་རྒྱ་ནག་གི་ནང་སྲིད་གནད་དོན་ཡིན་པས་ཕྱི་རྒྱལ་རྒྱལ་ཁབ་སུ་ཞིག་གིས་ཐེ་ཇུས་བྱེད་པའི་དབང་ཆ་མེད། ཨ་རིས་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དང་། བོད་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པའི་ཁས་ལེན་ལ་བརྩི་སྲུང་བྱ་དགོས་པ་དང་། བོད་དོན་དང་འབྲེལ་བའི་གནད་དོན་གྱིས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་ཞེས་བརྗོད་འདུག

དེའི་སྔོན་ཙམ་ལ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀའོ་ཅཱ་ཁུན་གྱིས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་མངའ་ཁོངས་ཡིན་སྐོར་བསྐྱར་དུ་བརྗོད་ཡོད།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་བོད་དོན་གླེང་པར་རྒྱ་ནག་གི་མགྲིན་ཚབ་པས་བོད་དོན་ལ་ཐེ་ཇུས་བྱ་རྒྱུ་མཚམས་འཇོག་དགོས་པ་བརྗོད་འདུག
ཨ་རིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་རེ་སྐུལ་གནང་བ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག (TTV)

བོད་མིའི་སྒྲིག་འཛུགས་ཀྱིས་བོད་རྒྱ་འབྲེལ་མོལ་ལ་གྲ་སྒྲིག་ཡོད་པ།

བཀའ་ཤག་སྐབས་ ༡༧ བཀའ་བློན་དྲུག་འོས་འདེམས་བྱུང་བའི་རྗེས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཐེངས་འདིར་དེ་སྔ་དང་མི་འདྲ་བར་བཀའ་བློན་དྲུག་བསྐོ་གཞག་ཐུབ་པ་དེས། བཀའ་བློན་རེ་རེས་རང་ཉིད་ཀྱི་ལས་འགན་བཞེས་དུས་སྲིད་སྐྱོང་ལ་བྱུང་བའི་དུས་ཚོད་འཕར་མ་དེ་དག་བོད་རྒྱ་འབྲེལ་མོལ་དང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གནད་དོན་ཐད་གྲ་སྒྲིག་དགོས་པ་མང་པོ་ཞིག་གི་ཐད་ནུས་པ་སྤུངས་རྒྱུ་དང་། སྒྲིག་འཛུགས་དང་མི་མང་དབར་འབྲེལ་བ་ཇེ་ཟབ་ཏུ་གཏོང་རྒྱུ། རྒྱལ་སྤྱིའི་ཁྲོད་བོད་དོན་རྒྱབ་སྐྱོར་འཚོལ་རྒྱུ་བཅས་ཀྱི་ཐད་གཙོ་བོར་ཕྱག་ལས་གནང་ཐུབ་པའི་རེ་བ་གནང་གི་ཡོད་པ་གསར་འགོད་པ་རྣམས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད།

བོད་དོན་ཐད་ཨ་རི་དང་རྒྱ་ནག་གི་ལྟ་ཚུལ་མི་འདྲ་བ་སྔར་བཞིན་མུ་མཐུད་གནས་ཡོད་ནའང་། ཨ་རིས་བོད་རྒྱ་ཕན་ཚུན་ཐད་ཀར་གྲོས་མོལ་བསྐྱར་གསོ་དགོས་པའི་རེ་སྐུལ་བསྐྱར་བཟློས་གནང་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་དབུ་མའི་ལམ་གྱི་དགོངས་དོན་གཞི་བཟུང་གྲོས་མོལ་ཐད་མུ་མཐུད་གྲ་སྒྲིག་ཡོད་པ་བསྐྱར་ནན་གནང་བ་དེས། བོད་རྒྱའི་གནད་དོན་འདི་བཞིན་ཞི་བའི་ཐབས་ལམ་གྱི་ཐོག་ནས་ཐག་གཅོད་བྱེད་དགོས་པ་མངོན་ཡོད།།