ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༢ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་ས་མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་བལ་ཡུལ་སྤོག་ར་གློ་སྒྲིག་བདེ་དོན་ཚོགས་པ་གཉིས་ཀྱིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
ཐེངས་འདིའི་བརྟན་བཞུགས་ཐོག་རྡ་ས་མདོ་སྟོད་ཆོལ་ཁ་དང་བལ་ཡུལ་སྤོག་ར་གློ་སྒྲིག་ཚོགས་པ་གཉིས་ནས་ཁྱོན་མི་གྲངས་བཞི་བརྒྱ་མ་ཟིན་ཙམ་ཞིག་བཞུགས་སྒར་དུ་ཆེད་བཅར་ཞུས་འདུག་པ་དང་། འདི་ག་རླུང་འཕྲིན་ཁང་ནས་བརྟན་བཞུགས་ཐོག་ཆེད་བཅར་བ་ཁག་ཅིག་ལ་བཅར་འདྲི་ཞུས་པར་ཁོང་རྣམས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་རྒྱུའི་གོ་སྐབས་བྱུང་བ་དང་བརྟན་བཞུགས་ཕུལ་ཐུབ་པར་དགའ་ཚོར་དཔག་མེད་བྱུང་སྐོར་འགྲེལ་བརྗོད་གནང་གི་འདུག

དེ་ཡང་སྦིར་བོད་མིའི་གཞིས་ཆགས་ནས་ཡིན་པ་ལོ་ཡག་ལགས་ཀྱིས། ཐེངས་འདིར་༧གོང་ས་མཆོག་གི་ཞལ་མཇལ་ཐོབ་པར་ཧ་ཅང་སྐྱིད་པོ་བྱུང་ཞིང་། བླ་མ་ཁོང་མ་གཏོགས་འཛམ་བུ་གླིང་ནང་མི་འདུག ཤི་ན་དང་གསོན་ན་གང་ཡིན་རུང་བཙན་བྱོལ་ནང་ཁོང་རང་མ་གཏོགས་མི་འདུག་ཅེས་ངུ་སྒྲ་དང་བཅས་གསུངས་བྱུང་། ༧གོང་ས་མཆོག་མཇལ་བའི་སྐབས་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་སྐྱིད་པོ་ཡོང་བའི་སྨོན་ལམ་བཏབ་ཡིན་ཞེས་ཁོང་གིས་གསུང་གི་འདུག་ལ། སིམ་ལ་ནས་ཡིན་པ་སྐལ་བཟང་དབང་མོ་ལགས་དང་བསྟན་འཛིན་དབང་མོ་ལགས་གཉིས་ཀྱིས། ༧གོང་ས་མཆོག་གི་མཇལ་ཁ་ཡང་སེ་ཐོབ་དཀའ་བས་ཐེངས་འདིར་བྱིན་རླབས་ཆེན་པོ་བྱུང་ཞིང་། གང་ཉིད་སྐུ་ཚེ་ཁྲི་ལོར་བརྟན་པའི་སྨོན་ལམ་འདེབས་པ་ཡིན་ཞེས་གསུངས་བྱུང་། ཡང་བལ་ཡུལ་སྤོག་ར་ནས་ཡིན་པ་ཨ་མ་བྱམས་པ་ལགས་ཀྱིས། མཇལ་ནས་སྐྱིད་པོ་བྱུང་ཞིང་། སྐབས་དེར་༧གོང་ས་མཆོག་སྐུ་གཟུགས་གསལ་ཐང་ཡོང་བའི་སྨོན་ལམ་བཏབ་ཡིན་ཞེས་དང་། བལ་ཡུལ་ནས་ཡིན་པ་ངག་དབང་བཀྲ་ཤིས་ལགས་ཀྱིས། ༧གོང་ས་མཆོག་མཇལ་བ་འདིས་སེམས་པ་སྐྱིད་པོ་དང་བསོད་ནམས་ཆེན་པོ་ཡིན་པ་ཚོར་བྱུང་ཞེས་གསུངས་བྱུང་།

ད་རེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་ ༢༡ ཉིན་བརྟན་བཞུགས་སུ་བཅར་མཁན་ཁག་ཅིག་ལ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇལ་ཁ་བསྩལ་ཡོད་འདུག་ལ། ཚེས་ ༢༣ ཉིན་བརྟན་བཞུགས་ལ་བཅར་མཁན་སྡེ་ཚན་གཞན་ཁག་ཅིག་ལ་མཇལ་ཁ་བསྩལ་རྒྱུ་ཡིན་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
