༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་༧གོང་ས་མཆོག་གི་རྒྱབ་ཏུ་རྒྱ་གར་རྟག་ཏུ་ཡོད་ཅེས་རྒྱ་གར་གྱི་ཆ་ཏིསི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྦུ་པེཤི་སྦ་གྷེལ་གྱིས་གསུངས་པ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༤ ཚེས་ ༢༨ ཉིན་རྒྱ་གར་(Chhattisgarh)མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་བྷུ་པེཤི་བྷ་གྷེལ་ལགས་ལ་མཇལ་ཁ་སྩལ་ཡོད་པ་དང་། ༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་༧གོང་ས་མཆོག་གི་རྒྱབ་ཏུ་རྒྱ་གར་རྟག་ཏུ་ཡོད་ལ་མུ་མཐུད་གནས་ཀྱི་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་བྷུ་པེཤི་བྷ་གྷེལ་ (Bhupesh Baghel) ལགས་ཀྱིས། མཇལ་ཁའི་སྐབས་ཁོང་གིས་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡༤ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆ་ཏིསི་གྷར་ (Chhattisgarh) མངའ་སྡེའི་རྒྱལ་ས་ར་ཡེ་པུར་ནས་རྒྱང་ཐག་སྤྱི་ལེ་ ༧༨ བརྒལ་བའི་སར་ཡོད་པའི་སིར་པུར་ (Sirpur) ས་གནས་སུ་ཡོད་པའི་མགོན་པོ་ཀླུ་སྒྲུབ་ཀྱི་སྒྲུབ་ཕུག་ཏུ་གནས་གཟིགས་སུ་ཆིབས་བསྒྱུར་བསྐྱངས་སྐབས་ཀྱི་མཛད་འཕྲིན་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་བསྐྱར་དྲན་ཞུས་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་གྱི་གནས་སྟངས་གང་ལེགས་ཡོང་བ་དང་། འཛམ་གླིང་ཁྱོན་ལ་མུ་མཐུད་བྱིན་གྱིས་རླབས་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་དང་། དེ་བཞིན་རྒྱ་ནག་གིས་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཐེ་བྱུས་བྱེད་བཞིན་པའི་སྐོར་དགོངས་ཚུལ་གསུངས་སྐབས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རྒྱབ་ཏུ་རྒྱ་གར་རྟག་ཏུ་ཡོད་ལ་མུ་མཐུད་གནས་ཀྱི་རེད་ཅེས་གསུངས་བྱུང་། མ་ཟད་ཁོང་གིས་ཧིན་བོད་གཉིས་ཀྱི་དབར་ལ་ཆོས་ཕྱོགས་ཀྱི་འབྲེལ་བ་ཡོད་པས་བོད་དོན་འཐབ་རྩོད་ཐད་ང་ཚོ་མཉམ་དུ་ཡོད་ཅེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
བྷུ་པེཤི་ལགས་ཀྱིས་ཕྱི་ལོ་ ༢༠༡༨ ནས་ ༢༠༢༣ བར་ཆ་ཏིསི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསུམ་པ་དེ་གནང་འདུག་ཅིང་། ད་ལྟའི་ཆར་ཁོང་ཆ་ཏིསི་གྷར་མངའ་སྡེའི་གྲོས་ཚོགས་འཐུས་མི་ཡིན་པ་རེད་འདུག

ཁོང་དེ་སྔ་ (Chhattisgarh) མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་སྐབས་ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༩ པའི་ནང་ཆ་ཏིསི་གྷར་མངའ་སྡེའི་སིར་པུར་གྲོང་ཁྱེར་ནང་འཚོག་འཆར་ཡོད་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་མཛད་རྒྱུའི་གདན་ཞུ་གནང་འདུག་ཀྱང་། སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དངོས་སུ་ཆིབས་བསྒྱུར་ཐུབ་མེད་ཀྱང་། བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲྭ་ལམ་བརྒྱུད་བཀའ་སློབ་སྩལ་ཡོད་པ་རེད་འདུག དེ་མིན་༢༠༡༤ ༡ པོའི་ནང་༧གོང་ས་མཆོག་གིས་མགོན་པོ་སིར་པུར་ནང་གི་ཀླུ་སྒྲུབ་ཀྱི་ལྟ་གྲུབ་ཅེས་པའི་བགྲོ་གླེང་ཞིག་དབུ་འབྱེད་གནང་ཡོད་པ་རེད།
རྒྱ་གར་ཆ་ཏིསི་གྷར་མངའ་སྡེའི་ནང་གི་སིར་པུར་ (Sirpur) ས་ཁུལ་ནི་ཧིན་དྷུ་དང་། ནང་པ། གཅེར་བུ་བ་བཅས་ཀྱི་གནའ་བོའི་རིག་གཞུང་གིས་ཕྱུག་པའི་གནས་ཁྱད་པར་ཅན་ཞིག་ཡིན་པ་དང་། དམིགས་བསལ་ཁུལ་དེར་དུས་རབས་༥པ་ནས་༡༢བར་བྱུང་བའི་གནའ་རབས་ཀྱི་ནང་པའི་དགོན་པ་དང་། སློབ་གཉེར་ཁང་། དེ་བཞིན་འཕགས་པ་མགོན་པོ་ཀླུ་སྒྲུབ་ཀྱི་སྒྲུབ་ཕུག་ཅིག་ཀྱང་ཡོད་པ་རེད་འདུག
གཞན་ཡང་ཐེངས་འདིའི་མང་མཇལ་མཇལ་ཁྲོད་མཚན་ཉིད་གྲྭ་ཚང་དུ་ནང་ཆོས་ཀྱི་རིགས་ལམ་དང་ལྟ་གྲུབ་ཐོག་སློབ་གཉེར་གནང་བཞིན་པའི་ལྦེ་ནམ་སློབ་མ་༢༠༠ལས་༦༠ལ་མཇལ་ཁ་སྩལ་ཡོད་པ་རེད། དེ་འབྲེལ་མཚན་ཉིད་འགན་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ཀྱིས། ཁོང་རྣམས་ནས་ནང་ཆོས་ལ་སློབ་གཉེར་གནང་བར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྔགས་བརྗོད་དང་སྦྲགས། དད་པ་གཅིག་པུ་མིན་པར་ནང་པའི་ཆོས་དེ་བསླབ་པ་སློབ་གཉེར་དགོས་གལ་འགངས་ཆེ་ཞིང་། བོད་མི་རྣམས་ལ་མཚོན་ན་རིགས་པའི་ལམ་ནས་མདོ་སྔགས་ཡོངས་སུ་རྫོགས་པར་སློབ་སྦྱོང་བྱེད་ཀྱི་ཡོད་པས་ཁྱེད་རྣམས་ནས་ཀྱང་དེ་ལྟར་སྦྱངས་པ་ཧ་ཅང་ཡག་པོ་རེད་ཅེས་བཀའ་སྩལ་མཛད་ཡོད་པ་གསུངས་ཀྱི་འདུག
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
