༧རྒྱལ་བ་ཇོ་ནང་པ་ཡོངས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

གནས་བརྟན་སྡེ་པའི་ལུཊ་ཀྱི་ས་ག་ཟླ་བའི་དུས་ཆེན་ཉིན་༧གོང་ས་མཆོག་གིས། དད་ལྡན་པ་ཡོངས་ནས་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་ཡོང་བར་འབད་པ་ཞུ་དགོས་གལ་ཆེ་ཞེས་གསུང་འཕྲིན་བསྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་དང་བསྟུན། ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡ ཉིན་གཞིས་བྱེས་ཇོ་ནང་པ་ཡོངས་ཀྱི་ཚབ་ཞུས་ཏེ་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་ཇོ་ནང་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་། བཀའ་དྲིན་རྗེས་དྲན་ཞུ་སླད་ཇོ་ནང་ཏཱ་ར་ནཱ་ཐའི་གཟེངས་རྟགས་ཤིག་འབུལ་བཞེས་མཛད་སོང་།

ཐེངས་འདིའི་བརྟན་བཞུགས་དང་འབྲེལ་༧སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་ཆོས་ཀྱི་སྣང་བ་མཆོག་གིས། ཇོ་ནང་པའི་དགེ་འདུན་པ་བརྒྱ་དང་བཞི་བཅུ་ལྷག་གིས་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་ཞུས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་དོན་ནི། “འདི་ལོ་༧སྐུའི་གོ་སྟོན་དང་བསྟུན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་ཆོས་ཀྱི་འཁོར་ལོ་བསྐོར་བར་བཀྲིན་ཆེན་པོ་ཡིན་པ་དང་། འཛམ་གླིང་སྤྱི་དང་ལྷག་པར་བོད་གངས་ཅན་གྱི་ལྗོངས་ཀྱི་སྐྱེ་འགྲོ་སྤྱི་ལ་བླ་མེད་ཀྱིས་བཀའ་དྲིན་བར་མ་ཆད་པར་བསྐྱངས་པ། ཆོས་རྒྱུད་ཆེན་པོ་ལྔ་དང་གཡུང་དྲུང་བོན་དང་བཅས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་ཐུགས་རྗེ་བླ་ན་མེད་པ་དང་། ལྷག་པར་ཇོ་ནང་པར་ཐུགས་བརྩེ་བ་ཆེན་པོ་བསྐྱངས་གནང་བ་སོགས་ཀྱི་བཀའ་དྲིན་ལ་བརྟེན། ཇོ་ནང་པའི་ཚོགས་འདུ་ཐེངས་མང་ཚོགས་པའི་བརྒྱུད་ཇོ་ནང་ཏཱ་ར་ནཱ་ཐའི་གཟེངས་རྟགས་ཞེས། རྣམ་བཅུ་དབང་ལྡན་གཙོ་བོ་དང་། དེའི་འོག་པདྨ་འདབ་མ་བརྒྱད་པ། དེའི་ངོས་ལ་གསེར་གྱི་འཁོར་ལོ་གསུམ་བཅས་རྒྱུ་ཆ་དེ་བཞིན་གསེར་དངུལ་སྦྲེལ་མ་ལས་གྲུབ་པ་ཞིག་འབུལ་བཞེས་མཛད་ཡོད་”ཅེས་འགྲེལ་བརྗོད་གནང་བ་དང་སྦྲགས། ཐེངས་འདིའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་དམིགས་བསལ་ཕེབས་མེད་ཀྱང་། ཐུགས་དགྱེས་པོ་ཞེ་དྲགས་གནང་སོང་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཡང་ཇོ་ནང་པའི་བརྟན་བཞུགས་འདིའི་ཐོག་བཅར་མཁན་དགེ་འདུན་པ་ཁག་ཅིག་གིས་ཐེངས་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཞལ་མདངས་གང་ལེགས་སུ་མཇལ་རྒྱུ་བྱུང་པར་དགའ་ཚོར་ཆེན་པོ་བྱུང་སྐོར་འགྲེལ་བརྗོད་གནང་དོན་ལ།

མཁན་པོ་ཀུན་དགའ་མཚམས་འབྱུང་ལགས་ཀྱིས། ཐེངས་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་བའི་སྐབས་སྐུ་གཟུགས་བདེ་ཐང་ཡོད་པ་ཚོར་བྱུང་ལ། ༧གོང་ས་མཆོག་དགུང་གྲངས་ ༩༠ རུ་ཕེབས་པའི་དུས་ཚིགས་ཁྱད་པར་ཅན་འདིར་མཇལ་ཁ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ལ་མཇལ་བཅར་བ་ཆ་ཚང་ཧ་ཅང་དགའ་པོ་བྱུང་འདུག་པས། བརྟན་བཞུགས་དེའི་བརྒྱུད་གཞིས་བྱེས་གཉིས་ཀྱི་ཇོ་ནང་པ་ཡོངས་ལ་དགའ་ཚོར་ཆེན་པོ་བྱུང་བའི་རེ་བ་ཡོད་ཅེས་གསུངས་ཀྱི་འདུག་ལ། ཇོ་ནང་མཁན་པོ་དྲི་མེད་འོད་ཟེར་ལགས་ཀྱིས། ད་རེས་མཇལ་ཁའི་སྐབས་དམིགས་བསལ་གྱི་ཚོར་སྣང་ཞིག་བྱུང་བ་ནི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༩༠ ལ་ཕེབས་ཡོད་ཀྱང་ཞལ་མདངས་ནི་དགུང་ལོ་ ༩༠ ལྟར་དུ་སྐུ་བགྲེས་པ་མི་སྣང་བས་ཧ་ཅང་དགའ་འོས་པ་ཞིག་དང་སྐལ་བ་བཟང་པོ་བྱུང་ཞེས་གསུངས་བྱུང་།

དེ་བཞིན་ཕྱི་ཟླ་ ༥ ཚེས་ ༡ ཉིན་མོ་འདི་བཞིན་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་དུས་ཆེན་འཁེལ་གྱི་ཡོད་པས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ས་ག་ཟླ་བའི་ཚེས་པ་བཅོ་ལྔའི་ཉིན་མོ་དང་བསྟུན་དྲྭ་ཐོག་བརྒྱུད་གསུང་འཕྲིན་ཞིག་སྩལ་བའི་ནང་། དད་ལྡན་པ་ཡོངས་ནས་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་ཡོང་བར་འབད་པ་ཞུ་དགོས་གལ་ཆེ་ཞིང་། རྟེན་འབྲེལ་དང་སྙིང་རྗེའི་བསླབ་བྱ་གཙོ་བོར་ངོས་འཛིན་གྱིས། དེང་དུས་རྙོག་འཛིང་ཆེ་བའི་འཛམ་བུ་གླིང་འདིའི་ནང་འཚེ་བའི་བྱ་ལས་སྤང་སྟེ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་བདེ་དོན་འགྲུབ་དགོས་གལ་ཆེ་བའི་སྐོར་བཀའ་སློབ་ལམ་སྟོན་ཕེབས་ཡོད་པ་རེད།

གཞན་ཡང་ལོ་ལྟར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་དུས་འཁོར་སྒྲུབ་མཆོད་འཚོགས་ཀྱི་ཡོད་པ་བཞིན། བོད་ཟླ་ ༣ ཚེས་ ༡༥ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དུས་འཁོར་ལྷ་ཁང་དུ། དུས་འཁོར་སྒྲུབ་མཆོད་ཀྱི་དངོས་གཞིའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་རེད།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།