རྒྱ་གར་ལྷོ་ཕྱོཊ་ཀྱི་གློག་བརྙན་འཁྲབ་མཁན་གཉིས་ཀྱིས་༧གོང་ས་མཆོག་གི་མཇལ་ཁ་ཞུས་པ།

༧གོང་ས་མཆོག་གིས་མིག་ནང་གཟིགས་དུས་བརྗོད་མི་ནུས་པའི་ཚོར་བ་ཞིག་བྱུང་ཞེས་གསུང་གི་འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་ཏེ་ལུ་གྷུ་ (Telugu) ཀ་ན་ཌ་(Kannada)དང་མ་ལ་ཡ་ལམ་(Malayalam)བཅས་ཀྱི་སྐད་ཡིག་ཐོག་གློག་བརྙན་ཉིས་བརྒྱ་ལྷག་འཁྲབ་ཟིན་པའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་འཇེ་རམ་ (Jayaram) དང་སའེ་ཀུ་མར་ (Sai Kumar) གཉིས་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་སོང་།

སཡེ་ཀུ་མར་ (Sai Kumar) ལགས་ཀྱིས། “ངས་མཇལ་ཁའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དགུང་གྲངས་བརྒྱ་ལྷག་སྐུ་ཚེ་བརྟན་རོགས་ཞེས་གསོལ་འདེབས་ཞུས་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་གནང་དོན་དུ། མཚན་ལམ་དུ་དགུང་གྲངས་ ༡༣༠ བཞུགས་རྒྱུ་རྨིས་ཡོད་སྐོར་བཀའ་བསྩལ་པར། དེ་ལྟ་བུའི་དགོངས་པ་བཞེས་སྟངས་ནི་ཧ་ཅང་གི་བཟང་པོ་ཞིག་ཚོར་བྱུང་། མ་ཟད་༧གོང་ས་མཆོག་གིས་ངའི་མིག་ནང་ཡག་པོར་གཟིགས་སོང་བ་འདིས་ངའི་མི་ཚེ་གང་པོར་བྱིན་གྱིས་རླབས་པའི་ཚོར་སྣང་དམིགས་བསལ་ཞིག་བྱུང་། ཐེངས་འདིར་ང་ཚོས་རྡ་རམ་ས་ལར་ (Bail)ཞེས་པའི་གློག་བརྙན་གསར་པ་འཁྲབ་ཁྲིད་པར་ལེན་མཇུག་སྒྲིལ་བྱུང་པ་དང་འབྲེལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པར། གློག་བརྙན་དེ་ནི་མ་འོངས་གྲགས་ཆེར་གྱུར་ངེས་ཡིན་པའི་ཚོར་བ་བྱུང་།” ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

རྒྱ་གར་ལྷོ་ཕྱོཊ་ཀྱི་གློག་བརྙན་འཁྲབ་སྟོན་པ་འཇེ་རམ། ༢༠༢༦།༥།༨
གློག་བརྙན་འཁྲབ་སྟོན་པ་འཇེ་རམ། རྒྱ་གར་ལྷོ་ཕྱོཊ་ཀྱི་གློག་བརྙན་འཁྲབ་སྟོན་པ་འཇེ་རམ། ༢༠༢༦།༥།༨ (RFA Tibetan)

སའེ་ཀུ་མར་ (Sai Kumar) ལགས་ཀྱིས་ལོ་ངོ་ལྔ་བཅུ་ལྷག་གི་རིང་གློག་བརྙན་འཁྲབ་སྟོན་གནང་བའི་རིང་། རྒྱ་གར་ལྷོ་ཕྱོགས་ཀྱི་གློག་བརྙན་འཁྲབ་སྟོན་པའི་གཟེངས་ཐོན་གྱི་བྱ་དགའ་ཆེ་ཆུང་སྣ་ཚོགས་ཐོབ་མྱོང་འདུག་ཅིང་། ཁོང་གིས་གློག་བརྙན་ནང་གི་སྒྲུང་གཞིའི་འདོན་བྱ་གཙོ་བོ་ཙམ་མ་ཟད། ཁ་གཏད་གྱི་མི་སྣ་ཡང་མང་པོ་འཁྲབ་མྱོང་ཡོད་པ་རེད།

འཇེ་རམ་ (Jayaram) ལགས་ཀྱིས། “གནས་རྩ་ཆེན་འདིར་བསླེབས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་བྱུང་། མཇལ་ཁ་ནི་སྐར་མ་གཅིག་ལས་ཉུང་བ་སྟེ། སྐར་ཆ་ཁ་ཤས་ཀྱི་རིང་ཡིན་ནའང་། ༧གོང་ས་མཆོག་གིས་ང་ལ་ཚུར་སྤྱན་གྱིས་གཟིགས་པ་ཙམ་གྱིས། ཚོར་བ་དམིགས་བསལ་མང་པོ་ཞིག་སྐྱེས་ཀྱང་བརྗོད་ཐུབ་ཀྱི་མི་འདུག བཀའ་དྲིན་ཆེ་སོང་དཀོན་མཆོག་མཁྱེན།” ཞེས་གསུངས་བྱུང་།

འཇེ་རམ་ (Jayaram) ལགས་ཀྱིས་ལོ་ངོ་སོ་བརྒྱད་ལྷག་གི་རིང་གློག་བརྙན་འཁྲབ་སྟོན་གནང་པའི་བརྒྱུད་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་གྲས་པདྨ་ཤྲི་ (Padma Shri) གཙོས་པའི་སྒྱུ་རྩལ་བའི་གཟེངས་ཐོན་གྱི་བྱ་དགའ་མང་པོ་ཐོབ་འདུག་ལ། ཉེ་བའི་ཆར་ཁོང་གིས་ཀན་ཏ་ར་ (Kantara) ཞེས་མང་ཚོགས་ཀྱིས་དགའ་མོས་ཆེན་པོ་བྱེད་ཡུལ་གྱི་གློག་བརྙན་དེའི་ནང་དུའང་ཕྱག་ལས་གནང་འདུག

ཀར་ན་ཊ་ཀ་ནི་བོད་མི་བཙན་བྱོལ་དུ་ཐོག་མར་འབྱོར་བའི་རྗེས་བོད་མིའི་གཞིས་ཆགས་ཐོག་མར་བཙུགས་པའི་ཁོངས་ནས་བྷེ་ལ་ཀོ་པེ་ཚུགས་སའི་མངའ་སྡེ་ཡིན་ཞིང་། ལོ་ངོ་བཅུ་ཕྲག་མང་པོའི་རྗེས་སུ་བྷེ་ལ་ཀོ་པི་ལུགས་བསམ་དང་བདེ་སྐྱིད་སླར་གསོ། མོན་གྷོ་འདོད་རྒུ་གླིང་། ཀོ་ལེ་གྷལ་དོན་ལྡན་གླིང་། ཧུན་སུར་རབ་རྒྱས་གླིང་བཅས་ཀྱི་ནང་བོད་མི་མང་པོ་གནས་སྡོད་ཀྱིས་བོད་མི་སྟོང་འཚོ་མང་པོའི་ཉིན་རེའི་འཚོ་བའི་ཁྲོད་མངའ་སྡེ་དེའི་སྐད་ཡིག་དང་གོམས་འདྲིས་ཤུགས་ཆེ་བྱུང་སྟེ། ཀ་ན་ཌ་(Kannada) ཡི་གློག་བརྙན་དང་གླུ་གཞས། རྒྱ་གར་ལྷོ་ཕྱོགས་ཀྱི་གློག་བརྙན་རྣམས་ལ་དགའ་མོས་ཞེ་དྲགས་གནང་གི་ཡོད་པ་རེད།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།