དབུས་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་སྐོར་ཨ་རིའི་གྲོས་ཚོགས་སུ་ཁྲིམས་འཆར་བཏོན་པ་ནི་ཆབ་སྲིད་ཀྱི་གལ་གནད་ཅིག་ཆགས་ཀྱི་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསུངས་ཀྱི་འདུག
ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཆབ་སྲིད་ཚོགས་པ་ཟུང་སྦྲེལ་གྱི་རྣམ་པའི་ཐོག་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དང་ལས་དོན་བྱེད་ཕྱོཊ་ཀྱི་བརྒྱུད་རིམ་ནང་ཚུད་པར་བྱེད་དགོས་པའི་ཁྲིམས་འཆར་བཏོན་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ཨ་རིའི་གཞུང་གིས་རྒྱུན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་དང་། བོད་བསྟན་སྲིད་མི་རིགས་ཀྱི་འཐབ་རྩོད་ཐད་ད་བར་རྒྱབ་སྐྱོར་གནང་ཡོད་ལ། ཐེངས་འདིར་གྲོས་ཚོགས་སུ་ཁྲིམས་འཆར་གསར་པ་བཏོན་གནང་བ་དེས། ཆབ་སྲིད་ཀྱི་ཐོག་ནས་ཨ་རི་གཞུང་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་ཤུགས་ཆེ་རུ་གནང་རྒྱུ་ཡིན་པ་མཚོན་གྱི་ཡོད་པས། ཨ་རིའི་གཞུང་གིས་བོད་མིའི་སྒྲིག་འཛུགས་དེ་བཞིན་བོད་མི་རྣམས་ཀྱི་མངོན་འདོད་སྒྲུབ་མཁན་ཞིག་ཏུ་ངོས་འཛིན་གྱིས་ཁྲིམས་འཆར་དེ་བཞིན་ངོ་སྤྲོད་གནང་བ་ཞིག་ཡིན་པ་ལས། རྒྱ་ནག་གིས་དུས་རྟག་ཏུ་བོད་མིའི་མངོན་འདོད་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གྱིས་རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་ཁོ་ནར་དམིགས་པའི་སྲིད་བྱུས་གཉེར་ཡོད་པ་གསུང་གི་འདུག

དེ་ཡང་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འཐུས་མི་འཇེམསི་མེཀ་གྷོ་ཝརན་དང་སྤྱི་མཐུན་ཚོགས་པའི་འཐུས་མི་མཡེ་ཀལ་མེཀ་ཀོལ་གཉིས་ཀྱིས་ཁྲིམས་འཆར་ཨང་ ༨༩༨༢ ཅན་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༡ ཉིན་གྲོས་ཚོགས་སུ་བཏོན་གནང་པ་དང་། ཁྲིམས་འཆར་འདི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་འགོད་འབུལ་གནང་ཡོད་ཅིང་། འགྲོ་ལུཊ་ལྟར་ན། ཁྲིམས་འཆར་གྱི་ཚིག་བརྗོད་དང་ནང་དོན་ལ་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཞིབ་འཇུག་གནང་རྗེས་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་བགྲོ་གླེང་དང་འོས་བསྡུ་གནང་སྟེ་གཏན་འབེབས་གནང་གི་ཡོད་ལ། མང་མོས་ཀྱི་ཐོག་ནས་གཏན་འབེབས་ཀྱིས་སྲིད་འཛིན་གྱིས་མཚན་རྟགས་བཀོད་ཉིན་ནས་ལག་བསྟར་གྱི་ཁྲིམས་སུ་འགྱུར་རྒྱུ་ཡིན་པ་རེད། ཁྲིམས་འཆར་དེའི་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དང་ལས་དོན་བྱེད་ཕྱོཊ་ཀྱི་བརྒྱུད་རིམ་ཁྲོད་ཚུད་པར་བྱེད་དགོས་པ་འདི་འཁོད་ཡོད་པ་རེད།
བོད་དོན་ལས་འགུལ་བ་རྣམས་ཀྱིས་ཨ་རིའི་གྲོས་ཚོགས་སུ་བོད་དོན་ཁྲིམས་འཆར་གསར་པ་བཏོན་གནང་པར་དགའ་བསུ་ཞུས་པ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཐད་ཐེ་བྱུས་བྱེད་བཞིན་པར་ངོ་རྒོལ་གནང་གི་འདུག
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས། ཨ་རིའི་གཞུང་ལ་བཀྲིན་ཆེ་ཞེས་ཞུས་པ་དང་སྦྲགས། རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་འཕགས་བོད་གཉིས་ཀྱི་འབྲེལ་བ་གནའ་རབས་ནས་བཟང་པོ་ཞིག་ཡོད་པར་རྒྱ་ནག་གཞུང་གིས་སྲིད་བྱུས་འདྲ་མིན་སྤེལ་བར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུང་གི་འདུག
ཕྱི་ཟླ་ ༥ ཚེས་ ༢༤ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མརྐོ་རུ་བྷིའོ་མཆོག་གིས་མགྲོན་འབོད་གནང་བ་ལྟར། ཨ་རིའི་རང་བཙན་ཐོབ་ནས་ལོ་ ༢༥༠ འཁོར་བའི་སྲུང་བརྩིའི་མཛད་སྒོ་ཞིག་རྒྱ་གར་རྒྱལ་ས་ལྡི་ལིར་ཚོགས་ཡོད་པའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་དང་། ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས། ལྡི་ལི་དོན་ཁང་གི་དྲུང་ཆེ་བཀྲིས་བདེ་སྐྱིད་ལགས་བཅས་ཆེད་བཅར་གནང་ཡོད་པ་དང་། དེ་ནི་ཨ་རིའི་སྲིད་འཛིན་མཆོག་གི་རྒྱ་ནག་ནང་གི་འཚམས་གཟིགས་གྲུབ་རྗེས་སུ་ཕྱི་སྲིད་དྲུང་ཆེས་རྒྱ་གར་དུ་འཚམས་གཟིགས་གནང་པའི་སྐབས་སུ་མཛད་སྒོ་གལ་ཆེན་ཐོག་མགྲོན་འབོད་གནང་བ་ཞིག་ཆགས་ཀྱི་ཡོད།
རྒྱ་ནག་གཞུང་གི་བོད་མིའི་སྒྲིག་འཛུཊ་དང་༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་ཐད་དྲིལ་བསྒྲགས།
དེ་འབྲེལ་ཚེས་ ༢༤ ཉིན་མོ་དེ་རང་ལ། རྒྱ་གར་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཀྱི་མགྲིན་ཚབ་པ་ཡུ་ཇིང་གིས་སྤྱི་ཚོགས་དྲྭ་ལམ་ (X) ཐོག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པས་ཕྱིའི་ཐེ་བྱུས་མི་རུང་ཞེས་དང་། བོད་མིའི་སྒྲིག་འཛུགས་ལ་དེ་སྔ་སུས་ཀྱང་ངོས་འཛིན་བྱས་མེད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་བོད་མི་ཡོངས་རྫོགས་ཀྱི་སྐུ་ཚབ་མཚོན་པའི་ཁྲིམས་མཐུན་གྱི་དབང་ཆ་མེད་སྐོར་སོགས་བཀོད་འདུག་ལ། རྒྱ་གར་དང་རྒྱ་ནག་གཉིས་དབར་བོད་ཀྱི་གནད་དོན་དང་འབྲེལ་བའི་ཐད་ཁས་ལེན་བྱུང་ཡོད་པ་ལྟར། བོད་རང་བཙན་གྱི་ལས་འགུལ་སྤེལ་བའི་སྡིངས་ཆ་སོགས་མི་བསྐྲུན་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཐད་ཐེ་བྱུས་མི་བྱེད་པའི་སྐུལ་མ་བྱས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དང་ལྷག་པར་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་འཁྱོག་བཤད་ཡང་ཡང་བྱེད་བཞིན་ཡོད་ཀྱང་། ལོ་རྒྱུས་ཀྱི་ཐོག་ནས་༧སྐུའི་ཡང་སྲིད་ཀྱི་བདག་དབང་རྒྱ་ནག་གཞུང་ལ་རྩ་ནས་མེད་པ་གསལ་རྟོགས་ཐུབ་ཅེས་གསུང་གི་འདུག
ཡང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསྟན་འཛིན་བློ་བཟང་ལགས་ཀྱིས། ཨ་རིའི་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་བསྟུད་མར་གནང་བར་བཀའ་དྲིན་ཆེ་ཞེས་ཞུས་པ་དང་སྦྲགས། ༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཁོ་ན་ལས་གཞན་སུས་ཀྱང་ཐེ་ཇུས་བྱེད་པའི་དབང་ཚད་མེད་པ་ཤེས་རྟོགས་ཐུབ་རྒྱུ་གལ་ཆེ་ཡིན་པ་གསུང་གི་འདུག

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གྱི་ཡང་སྲིད་ཕེབས་ཕྱོགས་ཐད་གཞུང་གང་ཞིག་གིས་ཐེ་བྱུས་བྱེད་དབང་མེད་པའི་སྐོར་ཨ་རིའི་ཁྲིམས་ཡིག་གི་ཐོག་ནས་རྒྱ་ནག་གཞུང་ལ་བརྡ་ལན་གསལ་པོ་སྤྲད་ཡོད་ལ། ཡོ་རོབ་གྲོས་ཚོགས་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་སོགས་ཡུལ་གྲུ་མང་པོས་ཡང་སྲིད་ཀྱི་གནད་དོན་ནི་བོད་མི་རང་ཉིད་ཀྱིས་ཐག་གཅོད་གནང་རྒྱུ་ལས་རྒྱ་ནག་གཞུང་ལ་བདག་དབང་མེད་པའི་གྲོས་ཆོད་གཏན་འབེབས་གནང་ཡོད་ལ། བོད་ཀྱི་ཆོས་བརྒྱུད་ཁག་དང་གཡུང་དྲུང་བོན་དང་བཅས་པའི་བླ་ཆེན་རྣམ་པས་ཆོས་ཚོགས་གི་ཚོགས་ཆེན་རིམ་པའི་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་བདག་དབང་ཡོངས་སུ་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩར་ཡོད་པ་སྤྱི་མོས་ཀྱི་གཏན་འབེབས་ཐག་གཅོད་གནང་ཡོད་པ་རེད། མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༢༡ ཉིན་གསུང་འཕྲིན་བཀའ་ཡིག་ཕེབས་པའི་ནང་། “༧རྒྱལ་དབང་སྐུ་ཕྲེང་ན་རིམ་ངོས་འཛིན་བྱེད་ཕྱོགས་ཐད་བསྒྲགས་གཏམ་སྔོན་མའི་ནང་གསལ་བཞིན། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་” ཅེས་འཁོད་ཡོད་པ་རེད།།
ཁ་སྣོན་གསར་འགོད། བཀྲ་དབང་།
པར་རིས་སྒྲིག་བཟོ་བ། ནོར་སྡེ་སྒྲོལ་མ།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
