༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཞབས་པུས་གཡོན་མ་བརྗེ་གནང་པའི་གཤགས་བཅོས་ལེགས་གྲུབ་བྱུང་པའི་ཉིན་གཉིས་ཀྱི་རྗེས་༧སྐུའི་འཕྲོད་བཞེས་གང་ལེགས་བྱུང་འདུག་པས་གཞིས་བྱེས་བོད་མི་ཡོངས་ཀྱིས་ཐུགས་ཁྲལ་མི་དགོས་ཞེས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་༧གོང་ས་མཆོག་གི་མཇལ་ཁ་གྲུབ་མཚམས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡༠ རེས་གཟའ་ལྷག་པའི་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཡོན་མ་བརྗེ་གནང་པའི་གཤགས་བཅོས་གནང་སའི་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཨ་པོ་ལོ་སྨན་ཁང་དུ་ཆེད་བཅར་གྱིས་སྤྱི་ནོར་༧གོང་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་རེད། མཇལ་ཁ་གྲུབ་མཚམས་སྲིད་སྐྱོང་མཆོག་གིས་༧གོང་ས་མཆོག་གི་༧སྐུའི་འཕྲོད་བཞེས་གང་ལེགས་འདུག་པས་བོད་གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་ནས་ཐུགས་ཁྲལ་གནང་མི་དགོས་ཞེས་དང་། དེ་སྔ་ཨ་རིའི་ནིའུ་ཡོག་ཏུ་སྨན་བཅོས་གནང་བའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཡས་པའི་གནས་སྟངས་ནི་ད་ཆ་ཡག་པོ་ཆགས་ཡོད་པ་དང། ཐེངས་འདིར་སྨན་བཅོས་གནང་བའི་ཞབས་པུས་གཡོན་མ་དེ་ཡང་༧སྐུའི་བླ་སྨན་པ་དང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་ཚབ་རྣམ་པས་གསལ་བསྒྲགས་གནང་བ་བཞིན་ལེགས་གྲུབ་བྱུང་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་པ་མ་ཟད། སྲིད་སྐྱོང་མཆོག་གིས་སྨན་པས་ཐག་གཅོད་གནང་བ་བཞིན་ཉིན་ཤས་སྨན་ཁང་དུ་སྐུ་ངལ་གསོ་རྒྱུ་དང་དེ་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ངལ་གསོ་ཡུལ་གཞན་ཞིག་ཏུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པ་གསུངས་བྱུང་།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཕྱི་ལོ་ ༢༠༢༦ ཟླ་བ་ ༠༦ ཚེས་ ༠༨ ནས་ ༢༧ བར་ཉིན་གྲངས་ཉི་ཤུ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། འཇར་མཎ་གྱི་གྲོང་ཁྱེར་སྦར་ལིན་དང་། ཕརེང་ཕརཊ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ཌི་སི་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གི་ཡོད་པ་དང་། ཕྱོགས་ཕེབས་འདི་ནི་སྲིད་སྐྱོང་མཆོག་སྐབས་བཅུ་བདུན་པའི་བཀའ་ཤག་གི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་གྲུབ་པའི་རྗེས་ཀྱི་ཕྱིའི་རྒྱལ་ཁབ་ཀྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། ད་རེས་གཞུང་འབྲེལ་གྱི་ཕྱོགས་ཕེབས་སྐབས་སྲིད་སྐྱོང་མཆོག་གིས་འཇར་མན་ཁུལ་དུ་ཚོགས་འདུ་ཁག་ཅིག་ཏུ་ལྷན་ཞུགས་གནང་རྒྱུ་དང་གཞུང་ཕན་ཚུན་གྱི་འབྲེལ་ལམ་གོང་སྤེལ་གཏོང་རྒྱུ། དེ་བཞིན་ཨ་རིའི་ནང་རོགས་དངུལ་དང་འབྲེལ་གནད་ཡོད་ཀྱི་མི་སྣ་ཁག་ཅིག་དང་མཇལ་འཕྲད་སོགས་ཀྱི་མཛད་འཆར་ཡོད་འདུག་ཅིང་།ཐེངས་འདིར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཝ་ཤིང་ཀྲོན་ཌི་སི་རུ་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་དེ་ཡང་། ཉེ་ལམ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་གཉིས་ཏེ། ༢༠༢༦ མ་འོངས་བོད་ཀྱི་འགན་ལེན་ཁྲིམས་འཆར་ (Assuring the Future of Tibet Act of 2026) དང་། བོད་ནང་དྲག་རྩུབ་ཀྱི་གནས་སྟངས་ངོས་འཛིན་གྱི་ཁྲིམས་འཆར་ (Tibet Atrocities Determination Act) ངོ་སྤྲོད་དང་མདུན་སྐྱོད་བྱུང་པ་དང་འབྲེལ་གྲོས་ཚོགས་འཐུས་མི་རྣམས་ལ་མུ་མཐུད་བོད་དོན་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་རྒྱུར་གནད་འགག་ཅན་ཞིག་ཆགས་ཀྱི་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད། བཀྲ་དབང་།
