སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་ཞབས་པུས་གཤགས་བཅོས་ལེགས་གྲུབ་ཀྱིས་ཕྱི་ཟླ་ ༦ ཚེས་ ༢༨ སྔ་དྲོ་ལ་དྭགས་སུ་༧ཞབས་སོར་འཁོད་གནང་པ་དང་བསྟུན་༧སྐུ་བཅར་བླ་སྨན་པ་རྣམ་པས་༧སྐུ་ཁམས་ཧ་ཅང་ཡག་པོ་ཡོད་པ་བསྐྱར་ནན་གསལ་བཤད་གནང་པ།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ས་གདན་ཞུ་གསོལ་འདེབས་ཞུ་མཁན་ལ་དྭགས་ནང་ཚོགས་དང་ལ་དྭགས་དགོན་ཚོགས་ཀྱི་སྐུ་ཚབ་ལ་དྭགས་དགོན་སྤྱི་ལྷན་ཚོགས་ཀྱི་ཚོགས་གཞོན་དགེ་བཤེས་བློ་བཟང་བཀྲིས་ལགས་ཀྱིས་༧གོང་ས་མཆོག་ཕོ་བྲང་དུ་ཞབས་སོར་འཁོད་གནང་མཛད་རྗེས་དམིགས་བསལ་བཀའ་སློབ་གནང་མེད་ཀྱང་༧མགོན་པོ་མཆོག་གི་གསེར་ཞལ་མཇལ་ཁ་ཐོབ་པར་ལ་དྭགས་ལ་སྐལ་བཟང་གི་ཉི་མ་ཞིག་ཤར་ཡོད་ཅེས་གསུངས་བྱུང་།
༧རྒྱལ་བའི་ཕོ་བྲང་དགེ་འཕེལ་གླིང་དུ་ལ་དྭགས་ཀྱི་གནད་ཡོད་མི་སྣ་རྣམས་ཀྱིས་ཕེབས་བསུ་ཞུས་ཡོད་པའི་ཁྲོད་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་རྣམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་ཟབ་རྒྱས་ཞུས་གནང་སོང་།
དེར་བཅར་བའི་ཡི་ཤུའི་ཆོས་ཚོགས་ཀྱི་སྐུ་ཚབ་བདེ་ཆེན་ཅམ་ག་ལགས་ཀྱིས་༧རྒྱལ་བ་རིན་པོ་ཆེ་དེ་རིང་འདིར་ཆིབས་སྒྱུར་བསྐྱངས་པའི་རྟེན་འབྲེལ་གྱི་ཉིན་མོ་ཞིག་ཡིན་པ་དང་ཁོང་འདིར་བཞུགས་རིང་མི་ཚང་མ་སྐྱིད་པོ་དཔེ་ཡོད་པ་དང་། ཡང་མི་ཚང་མར་སེམས་ནང་ཞི་བདེ་ཐོབ་པ་དང་། མཐུན་སྒྲིལ་བྱེད་ནས་བསྡད་ཀྱི་ཡོད་པ་དང་། མི་ཚང་མའི་སེམས་པ་གཙང་མ་དང་ཞི་བདེའི་ངང་གནས་ཡོད་ཅེས་གསུངས་བྱུང་།
ཡང་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འབྲངས་པ་ཚང་མའི་ཚབ་ཞུས་ཏེ་གླེ་ཨན་ཇུ་མན་མོ་འིན་ཨུལ་ཨིས་ལམ་ཆོས་ཚོགས་ཀྱི་ཚོགས་གཙོ་ Mohahmad Shafi Lasu ལགས་ཀྱིས་༧རྒྱལ་བ་རིན་པོ་ཆེ་ལ་དགའ་བསུ་ཞུས་པ་དང་མཉམ་༧རྒྱལ་བ་རིན་པོ་ཆེ་འདིར་ཕེབས་ཡག་དེ་ཚང་མ་ལ་དུས་བཟང་ཞིག་ཡིན་པས་བཀྲ་ཤིས་བདེ་ལེགས་ཞུ་ཡི་ཡོད། ཡང་ཡོང་རྒྱུའི་ཚེས་ ༦ ལ་༧རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་ཡིན་དུས་དེ་དུས་ང་ཚོ་ཚང་མ་མཉམ་དུ་འཛོམས་ནས་དགའ་དགའ་སྐྱིད་སྐྱིད་ངང་འཁྲུངས་སྐར་སྲུང་བརྩི་ཞུ་ཡི་ཡིན་ཞེས་གསུངས་བྱུང་།
ལ་དྭགས་ཨན་ཇུ་མན་ཨི་མ་མི་ཡའི་ཆོས་ཚོགས་ཀྱི་ཚོགས་གཙོ་ Ashraf Ali Barcha ལགས་ཀྱིས་དེ་རིང་༧རྒྱལ་བ་རིན་པོ་ཆེ་༧སྐུ་མདུན་ཡང་བསྐྱར་ལ་དྭགས་ལ་ཕེབས་སོང་། དེ་རིང་གི་ཉིན་མོ་འདི་མི་ཚང་མར་བསོད་བདེ་བསོད་ནམས་ཅན་གྱི་གཏམ་རྒྱུད་དུ་གྱུར་ཡོད་པ་དང་། ཡང་༧རྒྱལ་བ་རིན་པོ་ཆེ་སྐུ་གཟུགས་བདེ་པོ་དང་ཐུགས་སྤྲོ་པོའི་ངང་བཞུགས་རྒྱུར་གསོལ་བ་སྨོན་ལམ་འདེབས་ཀྱི་ཡོད་ལ། ཁོང་སྐུ་ཚེ་རིང་པོ་བཞུགས་པའི་གསོལ་བ་སྨོན་ལམ་འདེབས་ཀྱི་ཡོད་ཅེས་གསུངས་བྱུང་།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་༧ཞབས་སོར་འཁོད་བསྟུན། ༧སྐུ་བཅར་ཕྱི་ལུགས་ཀྱི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་། ༧སྐུ་བཅར་བོད་ལུགས་ཀྱི་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས་གཉིས་ཀྱིས་གསར་འགོད་པ་ཚོར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཁམས་ཧ་ཅང་ཡག་པོ་ཡོད་པ་དང་། ཞབས་པུས་ཀྱི་དྭངས་སྐྱེད་འཆར་སྒྲིག་དང་དེ་ལས་མྱུར་བའི་ཐོག་ཕེབས་བཞིན་ཡོད་པས། ད་རེས་རྒྱུན་ལྡན་ལས་ཕྲན་བུ་སྔ་བ་ཆིབས་སྒྱུར་བསྐྱངས་ཡོད་ཀྱང་། སྐུ་ངལ་གསོ་བཞུགས་མཛད་རྒྱུ་ཡིན་པ་དང་། ༧སྐུའི་ཕྱག་རྩ་མཇལ་བའི་སྐབས་སྐུ་ཁམས་ཧ་ཅང་ཡག་པོ་ཡོད་པ་སོགས་ངོ་སྤྲོད་གནང་བྱུང་ལ། མ་ཟད། ཞབས་པུས་གཤགས་བཅོས་ཞུ་མཁན་གྱི་འབྲེལ་ཡོད་སྨན་པས་ཕྱི་ཚེས་ ༢༧ ཉིན་མཇལ་མོལ་སྐབས་ཞབས་པུས་དྭངས་སྐྱེད་ཧ་ཅང་ཡག་པོ་ཡོད་པ་གསུངས་བྱུང་ཞེས་འགྲེལ་བརྗོད་གནང་སོང་།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྡི་ལི་ནས་ལ་དྭགས་སུ་དམག་མིའི་གནམ་གྲུའི་ནང་གདན་འདྲེན་ཞུས་པ་དང་། དམག་མིའི་གནམ་ཐང་ནས་རྒྱལ་བའི་ཕོ་བྲང་བར་ཆིབས་སྒྱུར་གྱི་ཕེབས་ལམ་དུ་ཆོས་ལུགས་དང་མི་རིགས་དབྱེ་བ་མེད་པའི་མི་མང་ཁྲི་ཁྲག་མང་པོས་ཕེབས་བསུ་ཟབ་རྒྱས་ཞུས་གནང་སོང་།།
བརྙན་པར་སྒྲིག་སྦྱོར་བ། འཕྲིན་ལས་ཆོས་སྒྲོན་དང་། བཀྲ་དབང་།
