དམག་འཁྲུག་སོགས་ཀྱི་དཀའ་རྙོག་ཁག་མིས་བཟོས་པ་རེད།


2017.01.05
དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་གསུམ་བཅུ་སོ་བཞི་བའི་སྔོན་འགྲོའི་གསུང་ཆོས་ཉིན་དང་པོའི་སྐབས། ༢༠༡༧།༡།༥ དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་གསུམ་བཅུ་སོ་བཞི་བའི་སྔོན་འགྲོའི་གསུང་ཆོས་ཉིན་དང་པོའི་སྐབས། ༢༠༡༧།༡།༥
tibet.net

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་ནང་གི་དམག་འཁྲུག་སོགས་ཀྱི་དཀའ་རྙོག་ཁག་མིས་བཟོས་པ་ལས་དུད་འགྲོ་སེམས་ཅན་གྱིས་དམག་འཁྲུག་ལ་སོགས་པ་བཟོ་མི་སྲིད་པ་ཡིན་པ་རེད་ཅེས་ཕྱི་ཟླ་༡་ཚེས་༥་ཉིན་གནས་མཆོག་རྡོ་རྗེ་གདན་དུ། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་གསུམ་བཅུ་སོ་བཞི་བའི་སྔོན་འགྲོའི་གསུང་ཆོས་ཉིན་དང་པོའི་སྐབས་བཀའ་གནང་ཡོད་པ་རེད།
དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེ་ནི་ཁྱིམ་ཚང་དང་། སྤྱི་ཚོགས། དེ་བཞིན་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་བདེ་སྐྱིད་འབྱུང་བའི་རྩ་བ་དེ་ཡིན་པ་བཀའ་གནང་ཞིང་། བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱ་རྒྱུ་དེ་ནི་རང་གི་གནས་སྐབས་དང་ཕུག་གི་བདེ་སྐྱིད་གྲུབ་པའི་རྒྱུ་གཙོ་བོ་དེ་ཡིན་པ་བཀའ་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྔོན་འགྲོའི་གསུང་ཆོས་ཞུ་བར་མི་འབོར་འབུམ་གཅིག་བརྒལ་ཡོད་པ་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ཚོད་དཔག་གནང་བཞིན་འདུག་ཅིང་། དེའི་ཁོངས་ནས་ཆོས་ཞུ་བ་ཉི་ཁྲི་ལྔ་སྟོང་ཙམ་རྒྱ་བལ་འབྲུག་གསུམ་དང་། སོག་ཡུལ་སོགས་ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་དགེ་འདུན་པ་ཡིན་འདུག
ཤེས་ཚོད་ལྟར་ན་སོག་ཡུལ་གཅིག་པུ་ནས་ཆོས་ཞུ་བ་ལྔ་སྟོང་ལྷག་རྡོ་རྗེ་གདན་དུ་འབྱོར་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་བསྒོམ་རིམ་བར་པ་དང་། སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཤད་ལུང་མ་གནང་གོང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་བྱམས་བརྩེས་ཕོངས་པའི་རྐྱེན་གྱིས་མིའི་མི་ཚེའི་ནང་དཀའ་ངལ་སྣ་ཚོགས་པ་ཞིག་བྱུང་བཞིན་ཡོད་སྟབས། ཆོས་རབ་ཏུ་འབྱེད་པའི་རྣམ་དཔྱོད་ཀྱི་ཐོག་ནས་གཞན་ཕན་བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་ལ་དཔྱད་པ་བྱེད་པ་བརྒྱུད། ཤེས་ནས་ངེས་པ་བརྙེད་པའི་ཐོག་ནས་བྱམས་པ་དང་བརྩེ་བའི་གནད་ལ་ཉམས་ལེན་བྱ་དགོས་པ་བཀའ་གནང་ཡོད་ལ། དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་བྱམས་བརྩེའི་བསླབ་བྱ་དང་འབྲེལ་བའི་ཤེས་ཡོན་ཞིག་སྤྲོད་ཐུབ་པ་ཡིན་ན། དུས་རབས་ཉི་ཤུ་རྩ་གཅིག་པ་འདི་དུས་རབས་གོང་མ་ཚོ་དང་མི་འདྲ་བར་འཛམ་གླིང་ནང་བདེ་སྐྱིད་སྔར་ལྷག་འབྱུང་ཐུབ་པ་ཏན་ཏན་ཡོང་རྒྱུ་ཡིན་པ་བཀའ་གནང་ཡོད་པ་རེད།
དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེའི་བསླབ་བྱ་གསུང་མཁན་གྱི་འཛམ་གླིང་ནང་གི་ཆོས་ལུགས་ཡོངས་རྫོགས་ཀྱིས་མིའི་སྤྱི་ཚོགས་ལ་ཕན་ཐོགས་ཆེན་པོ་སྒྲུབ་བཞིན་ཡོད་པ་བཀའ་གནང་པ་དང་། འོན་ཀྱང་ཆོས་ལུགས་ཀྱི་མིང་གི་ཐོག་ནས་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་བྱུང་བཞིན་པ་དེ་དག་ནི་ཧ་ཅང་གི་བློ་ཕམ་གྱི་རང་བཞིན་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད། དེར་བརྟེན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་བྱེ་བྲག་པ་གང་ཞིག་ཉམས་ལེན་གནང་མཁན་གྱི་ཆོས་པ་ཡོངས་ནས་ཆོས་ཆོས་སུ་འགྲོ་བ་ཞིག་ངེས་པར་གནང་དགོས་པའི་སྐུལ་མ་གནང་ཡོད་པ་རེད།
དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་རྒྱུས་ཐོག་ཀྱི་སྲིད་ཕྱོགས་ཀྱི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་གནང་ཟིན་ན་ཡང་། བོད་ཀྱི་རང་བྱུང་ཁོར་ཡུག་དང་། ལྷག་པར་དུ་འཛམ་གླིང་ཐོག་ཕན་ཐོགས་ངེས་ཅན་གྲུབ་པའི་ནུས་པ་ཡོད་པ་ཞིག་དང་། བྱེ་བྲག་ཏུ་ནང་པ་ཡོངས་ཀྱི་ཁྱད་ནོར་ལྟ་བུར་ངོས་འཛིན་བྱེད་ཆོག་པའི་བོད་ཀྱི་ནང་ཆོས་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་ཐབས་སླད་མུ་མཐུད་ཐུགས་འདུན་ཆེན་པོས་འབད་བརྩོན་གནང་རྒྱུ་ཡིན་པ་བཀའ་གནང་ཡོད་པ་རེད། རྒྱ་རིགས་ནང་པ་ཚོས་ཀྱང་བོད་ཀྱི་ཁྱད་ནོར་རིག་གཞུང་འདི་མི་ཉམས་སྲུང་སྐྱོབ་བྱ་རྒྱུ་ནི་རྒྱ་རིགས་ནང་པ་ས་ཡ་བཞི་བརྒྱ་ཙམ་ཡོད་པ་དེ་དག་གིས་སེམས་འཁུར་བྱ་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།
གནས་མཆོག་རྡོ་རྗེ་གདན་དུ་ཆོས་ཞུ་བའི་གྲངས་འབོར་ཉིན་རེ་བཞིན་ཇེ་འཕར་དུ་འགྲོ་བཞིན་འདུག་ལ། ཕྱི་ཚེས་༡༠་ནས་དབུ་འཛུགས་གནང་རྒྱུའི་དབང་དངོས་གཞིའི་སྐབས་ད་དུང་ཇེ་མང་དུ་འགྲོ་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ་འགན་འཛིན་གཞོན་པ་སྐལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎