ཡུ་རོབ་ཏུ་བོད་ཀྱི་རིག་གཞུང་འཁྲབ་སྟོན་ལ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་པ།

བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་སྤོབས་པ་ངོམས་ཐུབ་བྱུང་ཞེས་བརྗོད་བྱུང་།

ཡོ་རོབ་རྒྱལ་ཁབ་འཇར་མི་ནིའི་རྒྱལ་ས་བྷར་ལིན་དུ་འཛམ་གླིང་རྒྱལ་ཁབ་ ༤༠ ནས་རིག་གཞུང་འཁྲབ་སྟོན་གནང་མཁན་རུ་ཁག་༧༠ ལྷག་ལྷན་འཛོམས་ཀྱིས། སོ་སོའི་རྒྱལ་ཁབ་ཀྱི་རིག་གཞུང་འཁྲབ་སྟོན་དང་འགྲན་བསྡུར་གནང་བའི་རྒྱལ་སྤྱིའི་དུས་སྟོན་ཞིག་གི་ཐོག་བོད་ཀྱི་ཟློས་གར་ཚོགས་པ་དང་འཇར་མི་ནི་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་མཉམ་ལས་ཐོག་ནས་བོད་ཀྱི་རིག་གཞུང་འགྲེམས་སྟོན་དང་འཁྲབ་སྟོན་གནང་པ་དེར་རྩེ་ཕུད་ཀྱི་རྒྱལ་ཁ་ཐོབ་འདུག

ང་ཚོ་མཉམ་ཞུགས་བྱེད་པ་དེ་ཚོགས་པ་གཅིག་པུ་མ་ཡིན་པར་བོད་རྒྱལ་ཁབ་གཅིག་མཚོན་ཐུབ་པ་བྱེད་ཀྱི་ཡོད་ཅེས་འཇར་མ་ནི་བོད་རིཊ་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དོན་གྲུབ་ཆོས་འཕེལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།

ད་རེས་འཇར་མན་དུ་བསྐོང་ཚོགས་བྱས་པའི་རིག་གཞུང་འཁྲབ་སྟོན་གྱི་དུས་སྟོན་འདི་ལ་ ( Kulturun der carnaval ) ཞེས་འབོད་ཀྱི་འདུག་ལ་དུས་སྟོན་འདི་ནི་ཐེངས་ ༣༠ པ་དེ་ཡིན་འདུག དུས་སྟོན་དེའི་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་གཡག བྲོ། རལ་པ་བཅས་འཁྲབ་སྟོན་གནང་ཡོད་པ་རེད།

བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས། ང་ཚོས་སྐར་ཆ་ ༩༠ ནང་བོད་ཀྱི་རིག་གཞུང་གི་སྒྱུ་རྩལ་འགྲེམས་སྟོན་གནང་བ་དང་། ཟུར་དཔང་རྣམས་ཀྱིས་དེ་ལ་ཡིད་རངས་བསྔགས་བརྗོད་ཚད་མཐོ་པོ་གནང་སོང་ཞེས་གསུངས་བྱུང་།

རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་ནས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་དམས་སུ་གཏོང་བཞིན་ཡོད་ཀྱང་། བཙན་བྱོལ་དུ་བོད་མི་རྣམས་ཀྱིས་ཆོས་དང་རིག་གཞུང་མི་ཉམས་རྒྱུད་འཛིན་གནང་མུས་ཡིན་པ་དང་། ད་རེས་བོད་ཀྱི་རིག་གཞུང་འཁྲབ་སྟོན་ལ་འདི་ལྟ་བུའི་ངོས་འཛིན་ཐོབ་པ་ནི་བོད་མི་ཡོངས་རྗོགས་དགའ་སྤོབས་གནང་དགོས་པའི་གནས་ཚུལ་ཞིག་ཡིན་པ་དང་། ང་ཚོས་རིག་གཞུང་དེ་ཕྱི་ལ་ངོམས་ཐུབ་པ་དང་རྩ་བརླག་སོང་མེད་པ་མིག་སྟོན་ཐུབ་པར་དགའ་སྐྱོ་ཟུང་སྦྲེལ་གྱི་ཚོར་བ་མི་འདྲ་བ་གཅིག་བྱུང་ཞེས་སྒྱུ་རྩལ་བ་རྣམས་ཀྱིས་གསུངས་བྱུང་།

གཞི་རྩའི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་དགུང་གྲངས་ ༩༠ ཕེབས་པ་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གྱི་ལམ་ནས་༧མགོན་པོ་གང་ཉིད་མཆོག་གི་ཐུགས་དགོངས་ལྟར་འཛམ་གླིང་ས་ཕྱོགས་གང་སར་རྣམ་པ་འདྲ་མིན་གྱི་ཐོག་ནས་བྱམས་བརྩེ་ཉམས་ལེན་དང་གཞན་ལ་སྤེལ་རྒྱུའི་ལས་གཞི་ལག་བསྟར་གནང་སྟེ། ༢༠༢༦ ལོ་འདི་བྱམས་བརྩེའི་ལོ་ཞེས་སྲུང་བརྩིས་ཞུ་བཞིན་ཡོད་པ་རེད། ད་རེས་འགྲན་ཚོགས་འདི་ལྟའི་ནང་མཉམ་ཞུགས་ཐུབ་པ་དང་བོད་ཀྱི་རིག་གཞུང་འཛམ་གླིང་ཀུན་ལ་ཁྱབ་སྤེལ་འགྲོ་བཞིན་པ་འདི་གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བྱུང་པ་རེད་ཅེས་བོད་མི་མཉམ་ཞུགས་པ་ཚོས་གསུངས་བྱུང་།།

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།