བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་ཤག་གི་གཞུང་ཐམ་”སྲིད་ཞི་བདེ་སྐྱིད་མ་”འདི་ནི་བོད་རྒྱལ་ཁབ་ཀྱི་ངོ་བོ་དང་། ཆེས་མཐོའི་འཛིན་སྐྱོང་དབང་ཆའི་མཚོན་རྟགས་བླ་ན་མེད་པ་དེ་ཆགས་ཡོད། གཞུང་ཐམ་འདི་ག་དུས་ནས་གསར་བཟོ་གནང་བ་ཞིག་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གནད་འགག་གང་འདྲ་ཡོད་དམ།
བཞུགས་སྒར་ཁུལ་དུ་ཡོད་པའི་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བགྲེས་པ་གཙང་ཕྲུག་སྟོབས་ལགས་ཀྱིས། བཀའ་ཤག་གི་ཐམ་ག་འདི་༧རྒྱལ་བ་སྐུ་ཕྲེང་བདུན་པའི་སྐབས་སུ་ ༡༧༥༡ ལོར་དེ་དུས་ཀྱི་བཀའ་བློན་བཞི་ལ་ཐམ་ག་འདི་བསྩལ་གནང་སྟེ། ཐམ་ག་འདི་མཉམ་དུ་ད་དུང་སེལ་ཐམ་དང་རྟགས་ཐམ་ཟེར་ཐམ་ག་གཉིས་བཅས་ཚང་མ་བསྩལ་གནང་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐུགས་སྨོན་དང་བཅས་བོད་དང་བོད་ཆེན་པོར་དབང་བསྐུར་གནང་ཡོད་ཅེས་གསུངས་བྱུང་།
༧རྒྱལ་མཆོག་༧སྐུ་ཕྲེང་ ༧ པའི་སྐུ་དུས་སུ་བྱུང་པ།

བཀའ་ཐམ་སྲིད་ཞི་བདེ་སྐྱིད་མ་འདི་༧རྒྱལ་བ་སྐུ་ཕྲེང་བདུན་པ་ནས་བཟུང་༧རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་སྐུ་དུས་སུ་བཀའ་ཤག་ནས་གལ་ཆེའི་ཡིག་ཆ་ཁག་ལ་བེད་སྤྱོད་གནང་བཞིན་ཡོད་པ་དང་། ༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་མཆོག་བོད་ནས་ཉེན་གཡོལ་དུ་ཕེབས་སྐབས་སུའང་བཀའ་ཤག་གི་ཐམ་ག་འདི་ལྷན་དུ་བསྣམས་ཕེབས་ཡོད་པ་དང་། ༡༩༥༩ ལོར་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་སྐབས་སུ་ཡང་བཀའ་ཤག་གི་གཞུང་ཐམ་སྲིད་ཞི་བདེ་སྐྱིད་མ་འདི་ལྷན་དུ་བསྣམས་ཕེབས་ཐུབ་པ་བྱུང་ཡོད།
ཡང་གཙང་ཕྲུག་སྟོབས་ལགས་ཀྱིས་གཞུང་ཐམ་སྲིད་ཞི་བདེ་སྐྱིད་མ་བཙན་བྱོལ་དུ་གདན་འདྲེན་ཞུ་ཐུབ་པ་འདིས་ཆབ་སྲིད་ཀྱི་དོན་སྙིང་གང་མཚོན་གྱི་ཡོད་པ་ཞུས་ན། བོད་ཀྱི་ཐམ་ག་རིག་པ་དང་ཆབ་སྲིད་འཛིན་སྐྱོང་གི་སྲོལ་རྒྱུན་ལམ་སྲོལ་ནང་ལ་ཐམ་ག་འདི་དབང་བསྒྱུར་བྱེད་མཁན་དགྲ་བོར་མ་ཤོར་བ་ཡིན་ན། དོན་དམ་པའི་ཆབ་སྲིད་འདི་ཤོར་མེད་པར་ངོས་འཛིན་བྱེད་སྲོལ་ཡོད། འདི་འདྲའི་ཐོག་ནས་བོད་ཀྱི་ས་རྒྱ་ནག་གི་བཙན་འཛུལ་འོག་ཏུ་ཤོར་ན་ཡང་བོད་ཀྱི་ཆབ་སྲིད་དབང་ལུང་བསྒྱུར་བའི་ཐམ་ག་༧རྒྱལ་བའི་སྦུག་ཐམ་དང་བཀའ་ཤག་གི་སྲིད་ཞི་བདེ་སྐྱིད་མ་ཤོར་མེད་སྐོར་ངོ་སྤྲོད་གནང་བྱུང་།
དབུས་བོད་མིའི་སྒྲིག་འཛུཊ་ནི་བོད་གཞུང་གི་ཁྲིམས་མཐུན་རྒྱུན་འཛིན་པ།
བོད་ཀྱི་སྤྱི་ཚོགས་ལ་འགྱུར་བ་དང་བོད་པའི་མི་རབས་ལ་འགྱུར་བ་ཕྱིན་ཡོད་རུང་ད་ལྟའི་བཙན་བྱོལ་ནང་གི་དབུས་བོད་མིའི་སྒྲིག་འཛུགས་འདི་ནི་བོད་ས་མ་ཤོར་གོང་གི་བོད་གཞུང་གི་ཁྲིམས་མཐུན་རྒྱུན་འཛིན་པ་དངོས་འདི་ཡིན་པ་ཐམ་ག་སྲིད་ཞི་བདེ་སྐྱིད་མས་ར་སྤྲོད་གསལ་པོ་བྱེད་བཞིན་ཡོད།
གཙང་ཕྲུག་སྟོབས་ལགས་ཀྱིས་མུ་མཐུད་གསུངས་པར། ༧རྒྱལ་བའི་སྦུག་ཐམ་དང་བཀའ་ཤག་གི་ཐམ་ག་གདན་འདྲེན་ཞུ་ཐུབ་པ་འདིས། ད་ལྟ་ཡང་བཀའ་ཤག་གི་གལ་ཆེའི་བཀའ་ཡིག་དང་སྲིད་སྐྱོང་འཕོ་འགྱུར་དང་དམ་འབུལ་སྐབས་སུ་བཀའ་ཐམ་སྲིད་ཞི་བདེ་སྐྱིད་མ་འདི་རྩིས་འབུལ་ཞུས་པ་དང་གཞི་ནས་ཆབ་སྲིད་དབང་སྒྱུར་གྱི་མཚོན་དོན་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་བྱུང་།
བཀའ་ཤག་གི་ཐམ་ག་སྲིད་ཞི་བདེ་སྐྱིད་མ་འདི་བོད་ཀྱི་ཆབ་སྲིད་འཐབ་རྩོད་དང་བོད་ཀྱི་ལོ་རྒྱུས་གནས་བབ་ཐོག་གནད་འགག་རང་བཞིན་ལྡན་པའི་དཔང་རྟགས་ཤིག་ཆགས་ཡོད་པར་བརྟེན་བཀའ་ཤག་གི་གཞུང་ཐམ་འདིའི་དོན་སྙིང་ཤེས་དགོས་རྒྱུ་འདི་གལ་ཆེ་ཡིན་པར་ངོས་འཛིན་གནང་གི་འདུག
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
