སྒྲོལ་མ་ཚེ་རིང་ལཊ་ཚོཊ་གཙོར་འདེམས་ཐོན་བྱུང་པ་ནི་ལོ་རྒྱུས་ནང་བེུད་ཐོག་མར་དེ་ཆགས་ཡོད་པ།

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོར་སྤྱི་འཐུས་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་དང་ཚོགས་གཞོན་དུ་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་གཉིས་འོས་འདེམས་བྱུང་པ།

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་བའི་ཆོལ་ཁ་གསུམ་དང་། ཆོས་བརྒྱུད་ལྔ། ཕྱི་རྒྱལ་ཡུལ་ཁག་བཅས་ཀྱི་སྤྱི་འཐུས་རྣམས་ཀྱིས་ལས་འཁུར་དམ་འབུལ་ཞུས་གྲུབ་རྗེས་གསང་བའི་འོས་ཤོག་འཕངས་ཏེ་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གཉིས་འོས་བསྡུ་གནང་སོང་བར། ཚོགས་གཙོའི་འོས་བསྡུའི་སྐབས་སྤྱི་འཐུས་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་ལ་འོས་གྲངས་ ༢༢ དང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ལ་འོས་གྲངས་ ༢༠ ཐོབ་སྟེ་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་སྤྱི་འཐུས་ཀྱི་ཚོགས་གཙོར་འོས་འདེམས་བྱུང་པ་འདི་ནི་ལོ་རྒྱུས་ཐོག་བེུད་ཀྱི་ཚོགས་གཙོ་ཐོག་མར་དེ་ཆགས་ཡོད།

ཚོགས་གཞོན་གྱི་འོས་བསྡུའི་ཁྲོད་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ལ་འོས་གྲངས་ ༢༢ དང་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་ལ་འོས་གྲངས་ ༢༠ ཐོབ་སྟེ། སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཚོགས་གཞོན་དུ་ཐུགས་གཏན་འཁེལ་སོང་། ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱི་འོས་བསྡུའི་སྐབས་འོས་ཤོག་ ༣ རྩིས་མེད་དུ་གྱུར་ཡོད་པ་རེད།

བདམས་ཐོན་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱིས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གྲུབ་མཚམས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བདམས་ཐོན་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་ཀྱིས། “བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་འགྲོ་བཞིན་པའི་སྐབས་འདིར་གྲོས་ཚོགས་ཐོག་ནས་ཁྲིམས་སྒྲིག་གཞིར་བཟུང་འཛིན་སྐྱོང་ལ་སྟངས་འཛིན་བྱེད་པ་ཙམ་མ་ཡིན་པར། བོད་ཀྱི་བདེན་མཐའ་སེལ་ཆེད་བོད་རང་བཙན་ཡིན་པའི་ལྟ་སྒྲུབ་གཞི་མར་བཞག་ནས་གཏན་ལ་ཕབ་པའི་སྲིད་བྱུས་དབུ་མའི་ལམ་གྱི་ཐོག་ནས་རྒྱལ་སྤྱི་ཁྱོན་ཡོངས་ལ་བོད་ཀྱི་གནས་བབ་འདི་ཁྱབ་སྤེལ་དང་རྒྱབ་སྐྱོར་ཐོབ་རྒྱུར་ཕྱག་ལས་གནང་གལ་ཆེ་བ་རེད་“ཅེས་གསུངས་བྱུང་ལ། “ཐེངས་འདིར་བུད་མེད་གཅིག་ཚོགས་གཙོ་ཕེབས་པ་འདིས་བུད་མེད་ན་གཞོན་རྣམས་དང་བུད་མེད་ཀྱི་སྤྱི་ཚོགས་ནང་ཡོད་པ་ཚོས་སོ་སོའི་སེམས་ཀྱི་འདུན་པ་གྲུབ་ཐུབ་རྒྱུའི་གོ་སྐབས་འདུག་བསམ་པ་བྱུང་“ཞེས་གསུངས་བྱུང་། ཡང་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས། “སྐབས་བཅོ་བརྒྱད་པའི་སྤྱི་འཐུས་ཀྱི་ལས་ཡུན་ཁྲོད་ཁྲིམས་བཟོའི་ལས་དོན་ཐོག་ཡར་རྒྱས་དང་། ཕྱི་རྒྱལ་གྲོས་ཚོགས་མཉམ་དུ་འབྲེལ་བ་རྒྱུན་འཁྱོངས་ཀྱིས་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་བསྐོང་ཚོགས་སོགས་ཀྱི་ཐད་ལ་ཕྱག་ལས་གནང་རྒྱུ་གལ་འགངས་ཆེན་པོར་ངོས་འཛིན་གནང་ཐོག ལོ་ལྔ་འདིས་བོད་རྩ་དོན་གྱི་ཆེད་དུ་ཐུགས་ཕན་གསོ་བའི་རེ་བ་ཞུ་ཡི་ཡོད་“ཅེས་གསུངས་བྱུང་།

མཁན་པོ་བསོད་ནམས་བསྟན་འཕེལ་ལཊ་སྤྱི་འཐུས་ཚོགས་གཞོན་དུ་འོས་འདེམས་བྱུང་པ། མཁན་པོ་བསོད་ནམས་བསྟན་འཕེལ་ལཊ་སྤྱི་འཐུས་ཚོགས་གཞོན་དུ་འོས་འདེམས་བྱུང་པ།

རྩ་བའི་ཐེངས་འདིར་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྐབས་བཅོ་བརྒྱད་པའི་སྤྱི་འཐུས་ཚོགས་གཙོར་བདམས་ཐོན་བྱུང་བ་ནི། བུད་མེད་ཅིག་སྤྱི་འཐུས་ཚོགས་གཙོར་བདམས་ཐོན་བྱུང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་འདུག་ལ། དེ་སྔ་སྐབས་བཅུ་དྲུག་པའི་བཀའ་ཤག་གི་བཀའ་བློན་གསུམ་བུད་མེད་ཕེབས་ཐུབ་པ་དེ་ཡང་བུད་མེད་ཀྱི་བཀའ་བློན་མང་ཤོས་ཀྱི་བཀའ་ཤག་གི་ལས་ཡུན་ཞིག་ཆགས་ཡོད་པ་རེད།

གཞན་ཡང་སྐབས་བཅོ་བརྒྱད་པའི་སྤྱི་འཐུས་གསར་པ་ཁག་ཅིག་གིས་འདི་ག་རླུང་འཕྲིན་ཁང་ལ་མ་འོངས་སྤྱི་འཐུས་ཀྱི་ལས་ཡུན་རིང་ཕྱག་ལས་ལྷག་བསམ་རྣམ་དག་གི་ཐོག་ནས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་འགྲེལ་བརྗོད་གནང་བྱུང་། དེ་ཡང་མདོ་སྨད་སྤྱི་འཐུས་བསྟན་འཛིན་དཔལ་མོ་ལགས་ཀྱིས། “མི་མང་གིས་ང་ཚོར་སྤྱི་འཐུས་སུ་འོས་འདེམས་བསྐོ་གཞག་གནང་བ་ལྟར་ལྷག་བསམ་རྣམ་དག་གི་སྒོ་ནས་ཕྱག་ལས་གནང་རྒྱུའི་དམ་བཅའ་ཡོད་“ཅེས་གསུངས་བྱུང་ལ། མདོ་སྟོད་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས། “སྤྱི་འཐུས་དེ་ཁྲིམས་དང་སྒྲིག་གཞི་གཞིར་བཞག་ཐོག་སྒྲིག་འཛུགས་དང་སྤྱི་ཚོགས་སྲ་བརྟན་ཐོག་གལ་གནད་ཅན་ཞིག་ཆགས་ཀྱི་ཡོད་དུས་རང་ཉིད་ཀྱི་ཉམས་མྱོང་བེད་སྤྱད་ནས་ཕྱག་ལས་གང་ཐུབ་གནང་རྒྱུ་ཡིན་“ ཞེས་གསུང་གི་འདུག ཡང་དབུས་གཙང་སྤྱི་འཐུས་ལྷག་པ་ཚེ་རིང་ལགས་ཀྱིས། “ཁོང་གི་ཆེད་ལས་གཞིར་བཞག་གིས་གཙོ་བོ་རིག་གཞུང་དང་འབྲེལ་བའི་ཐོག་ལ་ཤུགས་སྣོན་བསྐྱོན་རྒྱུ་དང་། རྣམ་པ་ཚོས་རེ་བ་དང་ཡིད་ཆེས་གནང་བ་ལྟར་ཐེངས་འདིར་སྤྱི་འཐུས་ཀྱི་དམ་བཅའ་བཞག་ཐོག་རང་ནུས་གང་ལྕོགས་ཀྱིས་ལྷག་བསམ་ལྷད་མེད་ཐོག་ནས་ཕྱག་ལས་གནང་རྒྱུ་ཡིན་“ཞེས་གསུངས་བྱུང་། ཨོསི་ཊརེ་ལེ་ཤི་ཡའི་སྤྱི་འཐུས་སྐལ་བཟང་ཚེ་རིང་ལགས་ཀྱིས། “ཁོང་གིས་མི་མང་གི་རེ་བ་ལྟར་ཐེངས་འདིར་སྤྱི་འཐུས་ཀྱི་དམ་འབུལ་སྐབས་ཁས་ལེན་གང་ཞུས་པ་ལྟར་དུ་རང་ནུས་གང་ཐུབ་ཞུ་རྒྱུའི་བསམ་བློ་ཡོད་“ཅེས་གསུངས་བྱུང་།

ཕྱི་ཟླ་ ༥ ཚེས་ ༣༡ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་ལགས་ཀྱི་མདུན་དུ་སྐབས་བཅོ་བརྒྱད་པའི་བདམས་ཐོན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་བར་བརྒལ་ཚོགས་གཙོའི་དམ་འབུལ་ཞུས་གྲུབ་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་དུ་སྐབས་བཅོ་བརྒྱད་པའི་བོད་མི་མང་གི་སྤྱི་འཐུས་སུ་འོས་འདེམས་བྱུང་བའི་སྤྱི་འཐུས་རྣམས་ཀྱིས་རེ་རེ་བཞིན་བར་བརྒལ་སྤྱི་འཐུས་ཚོགས་གཙོའི་མདུན་དུ་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས་ཡོད་ཅིང་། སྐབས་ ༡༨ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་དོན་དང་པོ་ནི་ཚོགས་གཙོ་དང་ཚོགས་གཞོན་གྱི་འོས་བསྡུའི་ལས་རིམ་གནང་པ་འདི་ཆགས་ཡོད།

བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་དམ་བཅའ་འབུལ་བཞེས་གནང་པ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་དང་གཞིས་ལུས་བོད་མི་རྣམས་ཀྱི་མངོན་འདོད་གྲུབ་རྒྱུར་འབད་དགོས་ཞེས་གསུངས་པ།

བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་ཀྱི་མདུན་ནས་བདམས་ཐོན་སྐབས་བཅོ་བརྒྱད་པའི་སྤྱི་འཐུས་རྣམས་ནས་དམ་འབུལ་གྲུབ་མཚམས། བར་བརྒལ་ཚོགས་གཙོས། “བདམས་ཐོན་སྤྱི་འཐུས་རྣམས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་དང་གཞིས་ལུས་བོད་མི་རྣམས་ཀྱི་མངོན་འདོད་གྲུབ་རྒྱུར་འབད་དགོས་ཤིང་། སྐབས་རེ་བསམ་ཚུལ་མཐུན་མ་མཐུན་བྱུང་ཡང་བོད་ཀྱི་རྩ་དོན་ཐོག་རྡོག་རྩ་ཆིག་སྒྲིལ་དང་ནུས་པ་མཉམ་སྤུངས་ཀྱིས་ཕྱག་ལས་གནང་དགོས་གལ་ཆེ་“ཞེས་གསུངས་སོང་།

ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡ རེས་གཟའ་ཟླ་བའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་པའི་མཛད་གཙོ་རྣམ་པ་ལྷན་བཞུགས་ཐོག་བདམས་ཐོན་ཚོགས་གཙོ་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་དང་ཚོགས་གཞོན་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་རྣམ་གཉིས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་ལགས་ཀྱི་མདུན་དུ་ལས་འཁུར་དམ་འབུལ་ཞུ་རྒྱུ་ཡིན་པ་རེད་འདུག་ལ། ཟླ་ ༦ ཚེས་ ༢ ཉིན་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོར་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་རྣམ་པ་བསྐོ་བཞག་བྱ་རྒྱུའི་ལས་རིམ་གསལ་བསྒྲགས་གནང་པའི་ནང་གསལ་འདུག

ཁ་སྣོན་པར་ལེན། བདེ་སྐྱིད་ཀུན་སྒྲོལ།

པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།

བརྙན་ཐུང་སྒྲིག་སྦྱོར་བ། བཀྲ་དབང་།