སྐབས་ ༡༨ པའི་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་དམ་འབུལ་ཞུས་ཤིང་། ཕྱི་ཟླ་ ༦ ཚེས་ ༢-༣ ཉིན་སྐབས་ ༡༨ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོཊ་ཚོཊ་དུས་ ༡ པོའི་ཐོག་བཀའ་ཤག་སྐབས་ ༡༧ བཀའ་་བློན་བསྐོ་གཞག་གནང་རྒྱུ་ཡིན་འདུག
ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་པའི་མཛད་གཙོ་རྣམ་པ་ལྷན་ཞུགས་ཐོག་བདམས་ཐོན་ཚོགས་གཙོ་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་དང་ཚོགས་གཞོན་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་རྣམ་གཉིས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་ལགས་ཀྱི་མདུན་དུ་ལས་འཁུར་དམ་འབུལ་ཞུས་ཡོད་པ་རེད་ལ། ཐེངས་འདིར་བཀྲས་ཁང་སྒྲོལ་མ་ཚེ་རིང་ལཊ་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོཊ་གཙོར་བདམས་ཐོན་བྱུང་བ་ནི་ལོ་རྒྱུས་ནང་བེུད་ཐོག་མར་དེ་ཆགས་ཀྱི་ཡོད་པ་རེད།

དེ་ཡང་ཕྱི་ཟླ་ ༥ ཚེས་ ༣༡ ཉིན་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམ་པའི་ལས་འཁུར་དམ་འབུལ་ཞུས་གྲུབ་རྗེས་གསང་བའི་འོས་ཤོག་འཕངས་ཏེ་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གཉིས་འོས་བསྡུ་གནང་བར། ཚོགས་གཙོའི་འོས་བསྡུའི་སྐབས་སྤྱི་འཐུས་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་ལ་འོས་གྲངས་ ༢༢ དང་ཚོགས་གཞོན་གྱི་འོས་བསྡུའི་སྐབས་སུ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་སུ་འོས་གྲངས་ ༢༢ ཐོབ་སྟེ་ཚོགས་གཙོ་དང་ཚོགས་གཞོན་གཉིས་སུ་ཐུགས་གཏན་འཁེལ་ཡོད་པ་རེད།
གཞན་ཡང་དེ་སྔ་སྐབས་བཅུ་བདུན་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་དང་སྐབས་བཅོ་བརྒྱད་པར་སླར་ཡང་བདམས་ཐོན་བྱུང་བའི་སྤྱི་འཐུས་ཁག་ཅིག་གིས། མ་འོངས་ལོ་ལྔའི་རིང་ཕྱག་ལས་མུ་མཐུད་ཧུར་ཐག་གནང་རྒྱུའི་དམིགས་ཡུལ་ཡོད་པ་གསུང་གི་འདུག

དེ་ཡང་སྤྱི་འཐུས་རིག་འཛིན་ལྷུན་གྲུབ་ལགས་ཀྱིས། འཛམ་གླིང་གི་ས་ཁམས་ཆབ་སྲིད་ཀྱི་འཕོ་འགྱུར་ཤུགས་ཆེ་འགྲོ་བཞིན་པའི་སྐབས་འདིར་བོད་མི་རྣམས་ཀྱིས་ནང་ཁུལ་མཐུན་མ་མཐུན་གྱི་གནས་སྟངས་འོག་མགོ་འཁོར་ན། ཆེ་ས་ནས་བོད་ཀྱི་འཐབ་རྩོད་ལ་འཐུས་ཤོར་འགྲོ་ཉེན་ཆེ་བར་བརྟེན། བསམ་བློ་གསར་པ་དང་གོམ་པ་མདུན་སྤོས་ཐུབ་པའི་རེ་བ་ཡོད་པ་གསུང་གི་འདུག་ལ། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས། མ་འོངས་ལོ་ལྔའི་ནང་ལས་དོན་གཙོ་བོ་འདི་ཁྲིམས་དང་སྒྲིག་གཞི་ཁག་ལ་བཟོ་བཅོས་དང་ཁྲིམས་བཟོ་དགོས་རྒྱུ་ཡོད་ན་དེའི་ཐོག་ཤུགས་བསྐྱོན་རྒྱུ་དང་། སྐབས་བབ་ཀྱི་གནས་སྟངས་ལ་རྣམ་དཔྱོད་ལྡན་པའི་ཐོག་ཐག་གཅོད་བྱ་རྒྱུ་ཡིན་ཞེས་དང་། ཁོང་གིས་འདས་པའི་ལོ་ལྔའི་ཉམས་མྱོང་མ་རྩར་བཞག་ཐོག་ལྷག་བསམ་འདང་ངེས་ཐོག་ལས་དོན་ཐོག་ནུས་པ་འདོན་དགོས་པ་དྲན་གྱི་འདུག་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་དེ་ཕྱི་ཟླ་ ༦ ཚེས་ ༢ ནས་ ༣ བར་བཅས་ལས་ཉིན་གཉིས་རིང་བསྐྱང་གཏན་འཁེལ་འདུག་ཅིང་། སྐབས་དེར་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་རྣམ་པ་བསྐོ་བཞག་བྱ་རྒྱུའི་ལས་རིམ་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཅས་ཀྱི་ལས་རིམ་ཡོད་པ་ཚོགས་དྲུང་ལས་ཁུངས་ཀྱིས་གསལ་བསྒྲགས་གནང་འདུག
པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
