སྲིད་སྐྱོང་གིས་མཚན་འདོན་གནང་བ་བཞིན་གྲོས་ཚོགས་ནས་སྐབས་ ༡༧ བཀའ་ཤག་གི་བཀའ་བློན་ ༦ བསྐོ་གཞག་གནང་པ།
ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢ ཉིན་ཏེ་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་ཉིན་དང་པོའི་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་འོས་མིང་མཚན་འདོན་གནང་བའི་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་འོས་མི་དྲུག་ཀར་གྲོས་ཚོགས་ནང་མང་མོས་ཐོབ་སྟེ་བསྐོ་གཞག་ཐུབ་པ་བྱུང་ཡོད་པ་རེད།
སྤྱི་འཐུས་ལྷན་ཚོགས་སུ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྐབས་ ༡༧ པའི་བཀའ་ཤག་གི་བཀའ་བློན་གྱི་འོས་མིའི་མཚན་དང་ལོ་རྒྱུས་སྙིང་བསྡུས་རེ་སྒྲོག་སྦྱང་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་མང་མོས་ཐོག་འོས་འདེམས་གནང་སྟེ་བཀའ་བློན་དུ་བསྐོ་བཞག་བྱུང་བ་རྣམས་ནི། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་དང་། དཔལ་འབྱོར་དྲུང་ཆེ་གྱང་སར་ཚེ་རིང་དོན་གྲུབ་ལགས། སྤྱི་ཟུར་ཨོ་རྒྱན་བསྟན་འཛིན་ལགས། དྲུང་ཟུར་ཀུན་དགའ་བཀྲིས་ལགས། སྤྱི་འཐུས་པདྨ་མཚོ་ལགས་བཅས་ཡིན་ཞིང་། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་སུ་དགག་བྱ་མེད་པར་སོང་སྤྱི་མོས་ཀྱིས་བདམས་ཐོན་གནང་ཡོད་པ་རེད།
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཐེངས་འདིར་དེ་སྔ་དང་མི་འདྲ་བར་བཀའ་བློན་དྲུག་བསྐོ་གཞག་ཐུབ་པ་དེས། བཀའ་བློན་རེ་རེས་རང་ཉིད་ཀྱི་ལས་འགན་བཞེས་དུས་སྲིད་སྐྱོང་ལ་བྱུང་བའི་དུས་ཚོད་འཕར་མ་དེ་དག་བོད་རྒྱ་འབྲེལ་མོལ་དང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གནད་དོན་ཐད་གྲ་སྒྲིག་དགོས་པ་མང་པོ་ཞིག་གི་ཐད་ནུས་པ་སྤུངས་རྒྱུ་དང་། སྒྲིག་འཛུགས་དང་མི་མང་དབར་འབྲེལ་བ་ཇེ་ཟབ་ཏུ་གཏོང་རྒྱུ། རྒྱལ་སྤྱིའི་ཁྲོད་བོད་དོན་རྒྱབ་སྐྱོར་འཚོལ་ཡ་བཅས་ཀྱི་ཐད་གཙོ་བོར་ཕྱག་ལས་གནང་ཐུབ་པའི་རེ་བ་བསྐྱོན་གྱི་ཡོད་ཅེས་གསར་འགོད་པ་རྣམས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
བདམས་ཐོན་བཀའ་བློན་རྣམས་ཀྱིས་ཕྱི་ཟླ་ ༦ ཚེས་ ༣ རེས་གཟའ་ལྷག་པའི་ཉིན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་ལས་འཁུར་དམ་འབུལ་ཞུ་རྒྱུ་དང་། དེ་རྗེས་བདམས་ཐོན་བཀའ་བློན་རྣམ་པར་ལྷན་ཁང་གང་དང་གང་གི་ཐུགས་འགན་བཞེས་མིན་བཀའ་དྲུང་ཡིག་ཚང་ནས་བསྐོ་གཞག་ཕྱག་བྲིས་ཕུལ་རྒྱུ་ཡིན་པ་རེད།
རྩ་བའི་དེ་སྔ་བཀའ་ཤག་སྐབས་བཅུ་དྲུག་པའི་སྐབས། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བུད་མེད་ཀྱི་བཀའ་བློན་གསུམ་ལས་གཏན་འབེབས་གནང་ཐུབ་མེད་པར་བརྟེན། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ནང་སྲིད་དང་ཆོས་རིག འཕྲོད་བསྟེན། དཔལ་འབྱོར་བཅས་ཀྱི་བཀའ་བློན་གཅིག་ལྕོགས་གནང་ཡོད་པ་རེད།
ཐེངས་འདིའི་སྐབས་ ༡༨ པའི་སྤྱི་འཐུས་རྣམ་པའི་གྲོས་ཚོགས་ཚོགས་དུས་དང་པོའི་ནང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཅས་ཀྱི་ལས་རིམ་བསྐྱངས་སོང་།།
པར་རིས་སྒྲིག་བཟོ་བ། ནོར་སྡེ་སྒྲོལ་མ།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
