སྐབས་ ༡༧ བཀའ་ཤག་གི་བདམས་ཐོན་བཀའ་བློན་རྣམ་པའི་ལས་འཁུར་དམ་འབུལ་དང་ལས་ཁུངས་ཆ་བགོས།

བཀའ་བློན་རྣམ་པས་མཉམ་འདུས་ཀྱི་འགན་འཁུར་ཧུར་བསྐྱེད་གནང་གི་ཡིན་ཞེས་གསུངས་པ།

སྐབས་ ༡༧ བཀའ་ཤག་གི་བདམས་ཐོན་བཀའ་བློན་རྣམ་པའི་ལས་འཁུར་དམ་འབུལ་དང་ལས་ཁུངས་ཆ་བགོས་གྲུབ་པ།

སྐབས་བཅུ་བདུན་པའི་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བདམས་ཐོན་བཀའ་བློན་རྣམ་པས་ཟླ་ ༦ ཚེས་ ༣ ཉིན་གངས་ཅན་སྐྱིད་གཤོངས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་ལགས་ཀྱི་མདུན་ནས་ལས་འཁུར་དམ་འབུལ་ཞུས་ཤིང་། བཀའ་བློན་གྱི་ཕྱག་ལས་ཧུར་ཐག་དང་ལྷག་བསམ་རྣམ་དག་ཐོག་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་ཀྱིས་འདུག

དེ་ཡང་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས། འདས་པའི་ལོ་ངོ་སུམ་ཅུ་སོ་ལྔའི་རིང་བོད་མིའི་སྒྲིག་འཛུགས་ནང་ཞབས་འདེགས་ཞུས་ཡོད་ཅིང་། ད་ལྟའི་ཆར་ལས་ཁུངས་གང་དུ་བསྐོ་གཞག་གནང་པའི་ལས་ཁུངས་དེའི་དྲུང་ཆེ་གཙོས་པའི་ལས་བྱེད་ཚོ་དང་ལྷན་དུ་གོ་བསྡུར་གྱིས། འབྱུང་འགྱུར་ལོ་ལྔའི་ནང་ལས་དོན་གལ་ཆེ་བང་སྒྲིག་སྟེ་རང་ནུས་གང་ལྕོགས་གནང་རྒྱུ་ཡིན་པ་གསུང་གི་འདུག

བཀའ་བློན་དཔལ་ལྡན་དོན་གྲུབ་ལགས་ཀྱིས་རང་ཉིད་ནང་སྲིད་བཀའ་བློན་དུ་བསྐོ་གཞག་བྱུང་བ་ལྟར། ང་ཚོ་ལྟ་བུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྒན་པ་ཞིག་བཀའ་བློན་དུ་བདམས་ཐོན་བྱུང་དུས་ལོ་ལྔའི་ནང་ལས་དོན་གང་ཞིག་མཇུག་སྐྱོང་དགོས་མིན་ཐད་གསལ་པོ་ཤེས་རྟོགས་ཐུབ་ཀྱི་ཡོད་པས། ཡོང་རྒྱུའི་ལོ་ལྔའི་ནང་བཙན་བྱོལ་བོད་མི་འདུ་སྡོད་ཁག་ཏུ་ས་ཆའི་དཀའ་རྙོག་དང་ཁྲིམས་གཏུག་སེལ་ཐབས། དེ་བཞིན་གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བཞིན་ཉམས་ཐག་ལ་གཟིགས་སྐྱོང་དང་ཡར་རྒྱས་ཐུབ་རྒྱུའི་ཐབས་ཤེས་ཡག་ཤོས་ནི། དེང་གི་གཞོན་སྐྱེས་རྣམས་རང་ཁ་རང་གསོ་ཐུབ་ཐབས་བྱ་རྒྱུ་དེ་ཡིན་པས་དེ་གཙོ་བོར་གཞིར་བཞག་གིས་ལས་དོན་གནང་རྒྱུ་ཡིན་ཞེས་གསུངས་བྱུང་།

བཀའ་བློན་ཚེ་རིང་དོན་གྲུབ་ལགས་ཀྱིས། བཀའ་ཤག་གོང་མའི་ལས་གཞི་ལས་འཆར་མཇུག་སྐྱོང་དགོས་པ་དང། ལྷག་པར་བོད་དོན་འཐབ་རྩོད་དང་བོད་མིའི་བདེ་དོན་སོགས་དང་འབྲེལ་བའི་ལས་འཆར་གསར་པ་སོགས་ཀྱི་ཐད་དམིགས་ཡུལ་བཟུང་ཐོག་འབད་བརྩོན་གནང་རྒྱུ་ཡིན་ཞེས་དང་། བཀའ་བློན་ཀུན་དགའ་བཀྲ་ཤིས་ལགས་ཀྱིས། སྲིད་སྐྱོང་མཆོག་གི་ལམ་སྟོན་འོག་ལྷན་ཁང་གང་འཁེལ་བ་ཡིན་ན་དེའི་ལས་བྱེད་དང་མཉམ་ཕྱག་ལས་ཧུར་ཐག་གནང་རྒྱུ་གལ་ཆེ་ཤོས་དུ་ངོས་འཛིན་ཞུ་གི་ཡོད་ཅེས་གསུངས་བྱུང་།

བཀའ་བློན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས། ཁོང་ད་ཆ་གང་ཆགས་པ་དེ་གཙོ་བོ་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ཡིན་དུས། ལས་དོན་གང་བྱེད་ཀྱང་༧གོང་ས་མཆོག་གི་དགོངས་གཞི་དང་ལམ་སྟོན། བཀའ་དྲིན་རྣམས་དུས་དང་རྣམ་པ་ཀུན་དུ་དྲན་ཐོག་ཞབས་ཕྱི་ཧུར་ཐག་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུང་གི་འདུག་ལ། བཀའ་བློན་པདྨ་མཚོ་ལགས་ཀྱིས། སྲིད་སྐྱོང་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་ལྷན་ཚོགས་ཀྱི་ལས་དོན་ཆེ་ཕྲ་ཆུང་གསུམ་ལ། ལྷག་བསམ་རྣམ་དག་ཐོག་འཕྱར་གྲུ་མཉམ་འདེགས་ཞུ་རྒྱུ་དང་། ནུས་པ་གང་ཡོད་ཐོག་ནས་སྤྱི་བའི་ལས་དོན་ཐོག་ཐུགས་ཕན་གསོས་ཐུབ་པའི་རེ་བ་དང་སྨོན་ལམ། གྲ་སྒྲིག་ཆ་ཚང་ཡོད་ཅེས་གསུང་གི་འདུག

བཀའ་བློན་རྣམ་པའི་ལས་འཁུར་དམ་འབུལ་དང་ལྷན་ཁང་ཆ་བགོས། ༢༠༢༦།༦།༣
སྐབས་ ༡༧ པའི་བཀའ་ཤག བཀའ་བློན་རྣམ་པའི་ལས་འཁུར་དམ་འབུལ་དང་ལྷན་ཁང་ཆ་བགོས། ༢༠༢༦།༦།༣ (RFA Tibetan)

བཀའ་བློན་རྣམ་པའི་དམ་འབུལ་གྲུབ་མཚམས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཆོས་རིག་བཀའ་བློན་དུ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་དང་། ནང་སྲིད་བཀའ་བློན་དུ་དཔལ་ལྡན་དོན་གྲུབ་ལགས། དཔལ་འབྱོར་བཀའ་བློན་དུ་ཚེ་རིང་དོན་གྲུབ་ལགས། ཤེས་རིག་བཀའ་བློན་དུ་ཨོ་རྒྱན་བསྟན་འཛིན་ལགས། བདེ་སྲུང་བཀའ་བློན་དུ་ཀུན་དགའ་བཀྲ་ཤིས་ལགས། འཕྲོད་བསྟེན་བཀའ་བློན་དུ་པདྨ་མཚོ་ལགས་བཅས་བསྐོ་གཞག་གནང་ཞིང་། སྲིད་སྐྱོང་མཆོག་གིས་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་གནང་རྒྱུ་ཡིན་པ་བཅས་ལས་ཁུངས་ཆ་བགོས་ཀྱི་གསལ་བསྒྲགས་གནང་སོང་།

ཕྱི་ཟླ་ ༦ ཚེས་ ༢ ཉིན་ཏེ་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་འོས་མིང་དྲུག་མཚན་འདོན་གནང་བ་ཆ་ཚང་གྲོས་ཚོགས་སུ་གཏན་འབེབས་ཐུབ་པ་བྱུང་ཡོད་པ་རེད། དེ་ཡང་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་དང་། དཔལ་འབྱོར་དྲུང་ཆེ་གྱང་སར་ཚེ་རིང་དོན་གྲུབ་ལགས། སྤྱི་ཟུར་ཨོ་རྒྱན་བསྟན་འཛིན་ལགས། དྲུང་ཟུར་ཀུན་དགའ་བཀྲིས་ལགས། སྤྱི་འཐུས་པདྨ་མཚོ་ལགས་བཅས་ལ་གྲོས་ཚོགས་སུ་མང་མོས་ཐོག་བཀའ་བློན་དུ་བདམས་ཐོན་བྱུང་ཞིང་། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་སུ་སྤྱི་མོས་ཀྱིས་བདམས་ཐོན་གནང་ཡོད་པ་རེད།།

པར་རིས་སྒྲིག་བཟོ་བ། བསྟན་འཛིན་དོན་ཡོད།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།